རྨི་ལམ་གྱི་བདག་མོ།

ཕུར་སྐྱབས།        2018-08-22

ཟླ་འོད་མེད་པའི་སྐར་ཚོགས་ཀྱི་མཚན་ལྗོངས་འདིར།

ཡོད་ཚད་ཁུ་སིམ་མེར།

འཇམ་ཐང་ཐང་།

གར་འགྲོ་ངེས་མེད་ཀྱི་རྣམ་ཤེས་རྐང་གཅིག

སྤྲིན་པ་དམར་པོ་ཞིག་གི་གྲིབ་མ་ལ་འགྲོགས་ཏེ།

ལྷ་ཚོགས་ཀྱི་ཞིང་ཁམས་སུ།

དྲན་ཤིང་གི་སྣང་བརྙན་འཚོལ་དུ་སོང་།

ནག་འཐོམ་འཐོམ་གྱི་ཁོར་ཡུག་ཅིག་ནས།

ཁེར་རྐྱང་གི་འཚོ་བ་ཞིག

འདི་ལྟར་བརྒྱུས།

ཚེ་སྲོག་ཅིག་རླུང་གིས་བདས་ཏེ།

འཇིག་རྟེན་གཞན་ཞིག་ཏུ་འགྲོ་ཉེན་ཆེ།

ཁོ་བོ་ལ་རང་དབང་རྩོལ་ལེན་བྱེད་པའི་ནུས་པ་ཉམས་པས།

ངེས་མེད་དུ་འཁྱམས།

སྐབས་ཤིག་ལ།

མདུན་ཕྱོགས་ཀྱི་རི་གྲོང་ན།

འོད་དུ་འཚེར་བའི་སྐར་མ་མདངས་ཆེན་ཞིག

བདག་ལ་ཅེར་འདུག

མ་བསམ་ས་ནས།

འཇོ་སྒེག་གི་མཛེས་མ་དེ་ནི་རང་ལ་ཆེས་རྒྱུས་མངའ་ཡོད་པའི།

རྨི་ལམ་གྱི་བདག་མོ་ཐོག་མ་དེ་རེད་འདུག

དྲན་པ་དམར་པོའི་བར་གསེངས་སུ་ཉལ་བའི་རྒྱང་རིང་གི་ཟླ་བ་ཁྱོད་ཀྱིས།

སུ་ཞིག་གི་སེམས་པ་རླུང་ལ་བསྐུར་ཡོད།

གང་ཞིག་གི་དུང་བ་དབྱིངས་ལ་འཐིམ་སོང་།

སྙིང་ཆུང་གི་འཕར་ལྡིང་ཁྲོད་ནས

ངས་བྱིས་སྒྲུང་ཞིག་ལ་ཟུར་ལྟ་བྱས་ཚེ།

ནང་དོན་གྱི་གྲུབ་ཆ་གཙོ་བོ་དེ་ཁོ་མོ་ལས་མ་འདས་ཏེ།

ཁྱོད་ཀྱི་པང་ཁུགས་ན།

སྙན་ངག་ཅིག་འབྲི་ལྷག་བྱས་ཡོད་ལ།

ལང་ཚོ་ཞིག་སྐྱེད་འཕྲོ་བྱས་ཡོད་པ་གསལ་བོ་རྟོགས་བྱུང་།

ཅི་མི་སྙམ་པར། སྐད་གསང་མཐོན་པོས།

དབྱངས་རྟ་ཞིག་གསན་འདོད་ཀྱང་།

མགྲིན་པ་བརྣངས་སོང་།

རྒྱུ་མཚན། ཁྱོད་དང་ངའི་བར་ཐག་དེ་རི་ཆུ་སྟོང་གིས་ཆོད་ཡོད་ཅིང་།

རུས་རྐང་དུ་ཟུག་པའི་དྲན་གདུང་ཞིག་གཉའ་བར་བཏེགས་ཡོད་པས།

དེ་ནས་ངས་ཡང་བསྐྱར།

ཁྱོད་ཀྱི་མཁུར་ཚོས་སུ་ཉུལ་བའི་མཆི་མ་དེ་ཕྱིས་ན་འདོད་མོད།

འོན་ཀྱང་།

ཁྱོད་ནི་ད་དུང་གཉིད་དུ་ཡུར་འདུག་ལ།

སྔོན་ནས་རྨི་ལམ་དུ་བཞུད་ཟིན་པས།

བྱ་ཐབས་བྲལ།

དེ་ནི་ང་ཁྱོད་ཀྱི་འཆར་བཀོད་ལ་ཡི་མ་རང་པ་མིན་གྱི།

ངས་ཁྱོད་ཀྱི་ཕུགས་བསམ་ལ་བར་ཆད་བཟོ་མ་འདོད་པས་ཡིན།

གང་ལྟར། ཁྱོད་ཀྱི་ཐུགས་རྒྱུད་ནི་སྙིང་རྗེའི་བྱིན་གྱིས་བརླབས་ཤིང་།

ཁྱོད་ཀྱི་འོད་ཕུང་ནི་ནམ་མཁའི་དགུ་ཚིགས་ལས་བརྒལ་བས།

ད་གཟོད།

ངས་བརྩེ་དུང་ཟེར་བའི་ཐ་སྙད་གསར་བ་ཞིག་གི་མངར་ཁ་རོལ་ཐུབ་ལ།

དོ་དགོང་གི་མཛེས་སྡུག་དེའང་མིག་ལམ་ལ་འཆར་ཐུབ་སོང་།


  • ལེ་ཚན་སྔོན་མ།:མ་ཡུམ་སློབ་གྲྭ།
  • ལེ་ཚན་རྗེས་མ།:བོད་ཀྱི་སྙན་ངག་པའི་མཚན་མོ།