སངས་རྒྱས་མཚོ་མོ། 2018-08-22
ལྔ་བརྩེགས་ཐོག་ཁང་རི་བོའི་གཏོས་དང་མཉམ།།
མེ་ཏོག་སྐྱེད་ཚལ་དྲི་ངད་ཕྱོགས་ཀུན་ཁྱབ།།
རྒྱ་ལྕང་ལོ་མ་དགའ་བའི་མགོ་ལྕོག་ལྡེམ།།
བདག་གི་མ་ཡུམ་སློབ་གྲྭའི་མཛེས་སྡུག་རྨད།།
ལྗོངས་འདིར་སློབ་གྲྭ་ཆེ་ཆུང་གྲངས་མང་ཡང་།།
མ་ཡུམ་སློབ་གྲྭ་འདི་འདྲ་ཤིན་ཏུ་དཀོན།།
ལྷ་ལམ་རྒྱུ་སྐར་ཕྲེང་བས་ཡོངས་གཏམས་ཀྱང།།
ཉིན་བྱེད་དབང་པོའི་རྗེས་འབྲང་སྲིད་ན་དཀོན།།
ཁོར་ཡུག་མཛེས་པའི་པད་མའི་དགའ་ཚལ་དུ།།
ར་ཡིག་གཉིས་པའི་ཁྱུ་ཚོགས་བྲེལ་བ་ལྟར།།
སྙན་པའི་གྲགས་པ་ཀུན་ལ་ཁྱབ་པ་ཡི།།
སློབ་ཚོགས་འདི་ནི་མ་འོངས་བསུ་བའི་གྲོགས།།
དགེ་རྒན་བཟང་པོའི་ཐུགས་སེམས་སྒམ་བུ་ལྟར།།
སློབ་བུ་ཚོགས་ཀྱི་ཀུན་སྤྱོད་འཁྲི་ཤིང་བཞིན།།
ཡལ་བ་མེད་པའི་སློབ་གསོའི་ཆུ་རྒྱུན་འབབ།།
མ་ཡུམ་སློབ་གྲྭ་ནམ་ཡང་ཡར་ཐོན་སྙེགས།།
རྩོམ་གསར། 10