སྦྲགས་སྐད།

ཕུར་བ་ཚེ་རིང་།        2018-08-22

སྦྲགས་སྐད།

ཁྱོད་ནི་ནམ་མཁའི་སྤྲིན་ནག་ཅིག་དང་འདྲ་བར།

ཁ་རོག་གེར་འཇབ་འོངས་ཏེ།

གངས་ཅན་པའི་ཕ་སྐད་ཀྱི་ཉི་མ་གཡོགས་སོང་།

སྦྲགས་སྐད།

ཁྱོད་ནི་ལྟས་ངན་གྱི་འབུ་ཕྲ་ཞིག་དང་འདྲ་བར།

གོམས་སྲོལ་ལ་ཞུགས་འོངས་ཏེ།

གངས་ཅན་པའི་ཕ་སྐད་ཀྱི་འཚོ་བཅུད་གཞིབས་སོང་།

སྦྲགས་སྐད།

ཁྱོད་ནི་མི་གཙང་བའི་དུག་རྫས་ཤིག

ཕ་སྐད་ཀྱི་གཙང་བོར་འདྲེས་ཏེ།

ཕ་སྐད་ཀྱི་གཙང་བོ་རྙོག་པོར་བཏང་།

སྦྲགས་སྐད།

ཁྱོད་ནི་བཅོས་དཀའ་བའི་ནད་ཡམས་ཤིག

ང་ཚོའི་ལུས་སྟེང་དུ་གོས་ཏེ།

ངའི་ཕ་སྐད་ཀྱི་བདེ་ཐང་བརླགས།

སྦྲགས་སྐད།

ཁྱོད་ནི་མི་མངོན་པའི་དབྱང་གཉིས་ཐན་རྫས་ཤིག་དང་འདྲ་བར།

ཕ་སྐད་ཀྱི་མཁའ་དབྱིངས་སུ་ཁྱབ་ནས།

དྭངས་གཙང་དྲི་མ་མེད་པའི་ཕ་སྐད་ཀྱི་ཁོར་ཡུག་ལ།

སྦགས་བཙོག་བཟོས་སོང་།

ཀྱེ། ཁ་བ་ཅན་གྱི་མི་རྣམས།

སྦྲགས་སྐད། ང་ཚོ་དང་རྒྱང་ཐག་རིང་པོར་བྱོས།

ཕ་སྐད། ང་རང་ཚོ་དང་ཉེ་བར་བསུས་ཤིག


  • ལེ་ཚན་སྔོན་མ།:གྲོགས་ལ་བསྙད་པ།
  • ལེ་ཚན་རྗེས་མ།:མ་ཡུམ་སློབ་གྲྭ།