རང་བཞིན་བརྗོད་པའི་ལམ་ནས་ཁམས་པའི་ཚགས་པར་བརྗོད་པ།

ཉི་མ་རྡོ་རྗེ།        2018-08-03

དུས་རབས་གསར་པའི་ནམ་གྱི་ཐོ་རེངས་ལ།།

རྟ་བདུན་དབང་པོས་བཞིན་གྱི་འཛུམ་མདངས་ངོམ།།

དེ་དང་འགྲོགས་པའི་མཚར་སྡུག་སྨུག་སྤྲིན་བཞིན།།

ཚགས་པར་ཁྱེད་ཀྱིས་རང་གི་མཛེས་ཞལ་ངོམ།།

ཁྱེད་ནི་མོན་ནས་ཕེབས་པའི་ཁུ་བྱུག་བཞིན།།

གསེར་གྱི་མཁར་ལས་བྱུང་བའི་གཏམ་བཟང་བསྒྲགས།།

ཁྱེད་ནི་རྨ་བྱའི་རྣ་ལམ་སྒྲ་བརྒྱ་བཞིན།།

དུས་སུ་སླེབས་ཚེ་འགོག་མེད་ཡུལ་འདིར་འབྱོར།།

བསྐལ་བ་ཁྱི་ཡི་ལོ་ལ་ཁྱེད་ཉིད་ཀྱིས།།

དོན་གྱི་གཏམ་བཟང་རེ་རེ་འདི་ན་བཀྲམ།།

ཚང་མ་བརྗོད་པའི་མགྲིན་པ་མེད་ན་ཡང་།།

དོན་གྱི་སྒོ་ཆེན་རེ་རེ་འདི་ནས་བཀྲམ།།

འཇིག་རྟེན་ཡུལ་གྲུ་ཆེ་བའི་ས་ཆ་ན།།

འཇིག་རྟེན་ཆོས་བརྒྱད་བརྗོད་བྱ་བྱས་པས་སུ།།

ཞི་མཐུན་དམག་འཁྲུག་བྱ་བ་སྣ་ཚོགས་བྱུང་།།

དྲང་བདེན་གོ་བདེའི་ངང་ནས་མིག་མདུན་བསྟན།།

མེས་རྒྱལ་ནང་ལོགས་འཕུར་མཆོང་འཕོ་འགྱུར་དང་།།

གལ་ཆེའི་འཆམ་མཐུན་ཛ་དྲག་བྱ་བ་དང་།།

རྒྱལ་ཁབ་འགོ་ཁྲིད་གྲོས་མཐུན་འཚམས་འདྲི་ཡི།།

གཏམ་གྱི་ཡང་རྩེ་ཁྱེད་ལས་ཡང་ཡང་མཐོང་།།

རང་ཁུལ་རྫོང་ཁག་བཅོ་བརྒྱད་གནས་ཚུལ་དེས།།

ཁྱེད་ཀྱི་པར་ངོས་མང་པོ་ལོངས་སུ་སྤྱད།།

གཅིག་ལས་གཅིག་ཏུ་ལྷག་པའི་འཕོ་འགྱུར་གྱི།།

དོན་གྱི་འབྲས་བུ་ལྟ་བདེ་གོ་བདེར་སྤེལ།།

ཞིང་སྡེ་གསར་པའི་སྲིད་ཇུས་མཁའ་ལ་ཤར།།

ཞིང་འབྲོག་མང་ཚོགས་སྤོབས་པ་མེ་ལས་ཚ།།

ཚ་ཚ་འུར་འུར་འཕོ་འགྱུར་སྟོན་སྤྲིན་བཞིན།།

ཚགས་པར་ཁྱེད་ཀྱི་གདོང་ལས་ཡང་ཡང་མཐོང་།།

ཁྱད་ཆོས་འཛིན་པའི་ཁང་བཟང་ཚར་དུ་དངར།།

ནང་དུ་འབྲུ་རིགས་སྣ་ལྔས་འབྲུ་མཛོད་ཁེངས།།

ད་དུང་བརྙན་འཕྲིན་འཁྱག་སྒམ་བེད་དུ་སྤྱོད།།

ཤ་ཚལ་ཟས་ཀྱི་སྡེར་ཁ་སྣ་མང་བཤམས།།

གྲོང་པ་ཁྱིམ་མཚེས་བར་ལ་གཞུང་ལམ་ཡངས།།

གོ་བརྡ་ཕལ་ཆེར་ལག་འཛིན་སྒྲ་ལ་བརྟེན།།

བུ་ཕྲུག་མང་པོ་སློབ་རའི་ནང་དུ་རྩེན།།

ཚོང་གི་སྒོ་ཆེན་མང་པོ་ཁམས་སུ་ཕྱེ།།

ཡུལ་སྡེ་ནང་དུ་རིག་གནས་སྤེལ་ཡུལ་བཙུགས།།

ནད་ཀྱི་སྨན་ཡོན་ཁག་ཐེག་མ་ལག་བཙུགས།།

དབུལ་ཕོངས་རྣམས་ལ་རྒྱུ་ནོར་སྦྱིན་པ་བཏང་།།

བཏུང་ཆུ་གཙང་མ་སྡེ་འདབས་ཤག་ཤག་ཤག།

ཞིང་སྡེའི་གློག་དྲས་དྲྭ་རྒྱ་བསླས་པ་བཞིན།།

རི་སུལ་ལུང་ཁུག་ཀུན་ཏུ་འོད་ཀྱིས་ཁྱབ།།

བཟའ་ཚང་གང་བོས་གོར་གོར་གྲལ་བསྒྲིགས་ཏེ།།

རྒྱང་ནས་བྱུང་བའི་ཇུས་བཟང་སྐད་ལ་ཉན།།

འདི་དག་ཁྱེད་ལས་མཐོང་བའི་གཏམ་གསར་ཏེ།།

ཁམས་པའི་བུ་དང་བུ་མོ་གོམ་ཆེན་ངང་།།

ཕྱུག་འགྱུར་ལམ་བུར་བསྐྱོད་པའི་སྐད་སྙན་དེ།།

ཁྱེད་ཀྱིས་ལྷུག་པར་ངང་ནས་ལྷུག་པོར་བརྗོད།།

ཚོགས་ཆེན་བཅུ་དགུའི་དགོངས་དོན་རིང་མོ་དང་།།

བསམ་བློ་བཅིངས་འགྲོལ་འགྱུར་མེད་ཉིང་ཁུ་དང་།།

ཁྱེད་ཀྱིས་ཡང་དག་བྱེད་ཕྱོགས་དྲིལ་བསྒྲགས་ཀྱིས།།

ཁམས་པའི་ཡུལ་འདི་མཛེས་སྡུག་ལྡན་པར་བསྒྱུར།།

ས་ཆ་གཞན་པར་འབྱུང་ལྔའི་འཇིགས་པ་ཡིས།།

ཚེ་སྲོག་རྒྱུ་ནོར་མང་པོར་གནོད་འཚེ་བཏང་།།

སྐྱི་གཡའི་གནས་ཚུལ་འོག་ཏུ་ཁམས་པ་ཡི།།

བུ་དང་བུ་མོས་བརྩེ་སེམས་ཡང་ཡང་ཕུལ།།

ད་ལོར་ཝུན་ཁྲོན་ས་འགུལ་ཆེན་མོ་ཡི།།

ལོ་ཡི་འཁོར་མོ་བཅུ་ལ་སླེབས་པའི་དུས།།

བློ་སྟོབས་བསྐྱེད་པའི་རྗེས་དྲན་བྱ་བ་སྤེལ།།

དཀའ་སྡུག་ཞུམ་མེད་ཆོད་སེམས་སླར་ཡང་བསྐྱེད།།

སྡུག་གི་ཁོང་ལས་བྱུང་བའི་སེམས་རྒྱ་དང་།།

ཀྲུའུ་ཞིས་ཚིག་བརྒྱ་འདུས་པའི་གསུང་བཤད་དེ།།

ཚགས་པར་ཁྱེད་ཀྱིས་དྲང་པོར་བསྒྲགས་པས་ན།།

ཧྭ་ཞ་མི་ཡི་སྤོབས་པ་མཁའ་ལ་བཏེགས།།

པར་ངོས་གསུམ་པ་འདི་ནི་བལྟ་འདོད་ཆེ།།

སློབ་བུ་ཡན་ཆོད་མཁས་ཆེན་མན་ཆོད་ཀྱིས།།

རྩོམ་རྩལ་ཁྱད་ཆོས་མང་པོ་གདུགས་ལྟར་ཕུབ།།

ངེད་ཅག་བསྐྱེད་བསྲིང་བྱེད་པར་བཀའ་དྲིན་ཞུ།།

རྩོམ་སྒྲིག་རྒན་གྱི་ལྷག་བསམ་དུང་ལས་དཀར།།

རྩོམ་འབྲི་ལས་ལ་ཞུགས་པའི་སློབ་བུ་སྐྱོང་།།

ཆོལ་གསུམ་ཡུལ་དུ་གཏམ་གྱི་འཕྲིན་བཟང་སྐྱེལ།།

འདི་ནི་ཀློག་མཁན་ཞིག་གི་རེ་འདུན་ལགས།།

པར་ངོས་རེ་རེའི་སྒྲིག་གཞི་དག་ལ་གཙང་།།

པར་རིས་རི་མོ་མིག་གི་དཔྱིད་དུ་མཛེས།།

ཁམས་པའི་ཡུལ་ནས་འཁྲུངས་བའི་འདབ་བརྒྱ་བཞིན།།

ཚགས་པར་ཁྱེད་ནི་ཁ་བ་རི་པའི་རྒྱན།།

གསེར་སྦྲང་གཞོན་ནུ་འདབ་བརྒྱར་རྩེན་པ་བཞིན།།

འབྲི་ལ་དགའ་བའི་ཡིད་སེམས་ཁྱོད་ལ་ཤོར།།

ལས་འདི་བསྒྲུབ་མཁན་རྩོམ་ལ་དགའ་བ་རྣམས།།

ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག།


  • ལེ་ཚན་སྔོན་མ།:རྗེས་སུ།
  • ལེ་ཚན་རྗེས་མ།:དུས་འདི་ལ། ངས་ཅི་ཡང་དྲན་མི་འདོད།