ཁྱུང་གཤོག 2018-08-03
ནེམ་ལྗང་གི་སྤང་ཐང་དུ།
ཆར་རྗེས་ཀྱི་འཇའ་ཚོན་མཁའ་རུ་ཕུབ་ཅིང་།
མེ་ཏོག་ཁྲ་ཚོམ་གདན་དུ་བཏིང་ནས་དབྱར་ཟླ་དྲུག་པ་གླུ་རུ་ལེན་པ།
བདེ་སྐྱིད་ཀྱི་འཛུམ་མདངས་མངར་མོ་དེ་ཡིན་ནམ།
མཐའ་ཡས་པའི་རྩྭ་ཐང་དུ་རང་གི་སེམས་རྒྱ་བྲིས་ནས།
དྭངས་གསལ་ལེའི་ནམ་མཁར་རང་གི་མིག་འཛུམ་ཕབ་ནས།
ཆུ་ངོགས་སུ་མཛའ་གཞས་ཁོ་ན་བཙལ་བ།
རི་ཀླུང་འདིའི་སེམས་དབུས་ན་སྨིན་པའི་རྨི་ལམ་དེ་ཡིན་ནམ།
དྲན་གདུང་མང་བའི་གཏམ་རྒྱུད་ཞིག་དང་འདྲ་བར།
དུས་འདི་ལ། ངས་ཅི་ཡང་དྲན་མི་འདོད།
ཨར་འདམ་དང་རྣོ་ལྕགས་ཀྱི་གཟེབ་དྲྭར་ཚུད་པའི་ངས།
བཅོས་འཛུམ་དང་མུན་འཐོམས་སྟུག་སའི་ངས།
ཁ་རོག་གེར། དལ་ཅག་གེར།
མིག་ཟུང་བཙུམ་སྟེ་སེམས་ངོགས་སུ་ཕ་ཡུལ་སྨིན་དུ་འཇུག་འདོད།
སྤྲིན་དཀར་ལྡིང་དུ་འཇུག་འདོད།
ནས་ཞིང་གི་སྙེ་རླབས་ལུག་ཁྱུར་འདྲེས་སུ་འཇུག་དགོས།
ད་དུང་་་་་་
དུས་འདི་ལ། ངས་ཅི་ཡང་དྲན་མི་འདོད།
རྩོམ་གསར། 10