རྗེས་སུ།

དཔོན་ཚང་རྡོ་རྗེ་ཚེ་བརྟན།        2018-08-03

རྗེས་སུ། ཉི་འོད་མེ་ལྕེ་བཞིན་ཚ་བའི་ཉིན་མོ་རེ་དང་།

ཟླ་འོད་གཙང་བོ་ལྟར་བཞུར་བའི་མཚན་ལྗོངས་རེ་རེར།

ངས་སེམས་ཀྱི་མཁའ་དབྱིངས་ལ་འཇགས་མི་སྲིད་པའི་གླུ་གཞས་ཤིག་ལྷོད་ཀྱིས་བཏང་ཞིང་།

འཚོ་བའི་མངའ་ཐང་ལ་འཆི་མི་སྲིད་པའི་སྙན་ཚིག་ཅིག་ཤུགས་ཀྱིས་གྱེར་ཡོད།

 

རྗེས་སུ། སུ་ལའང་བསྟན་མྱོང་མེད་པའི་བྲང་གཞུང་གི་ནང་རོལ་འདི།

ཁྱོད་ཁོ་ནར་རྗེན་རྗེན་གྱིས་ཕྱོགས་ཤིང་།

སུ་ལའང་གཏད་མྱོང་མེད་པའི་མིག་གི་མདའ་མོ།

ཁྱོད་ཁོ་ནའི་སྙིང་གར་ཧར་གྱིས་གཏད།

 

རྗེས་སུ། ངས་རི་རབ་ཀྱི་བདེན་པ་བཏེགས་ཏེ་ཁྱོད་ལ་ཕྱོགས་ཤིང་།

བརྩེ་བའི་རྒྱ་ཁྱོན་གླེང་ནས་ཁྱོད་ལ་བཅར་དུས།

ཁྱོད་ཀྱི་རྦ་རླབས་ལྟ་བུའི་སྐྲ་ལོ་མཐའ་དག

གཏན་དུ་ངའི་དཀྱེལ་ཡངས་པའི་བྲང་གཞུང་དུ་འཁྱིལ་བར་སྨོན་ཡོད།

 

རྗེས་སུ། ཁྱོད་རང་སྤྲིན་ཕུང་བཞིན་ངའི་སེམས་པའི་མཁའ་དབྱིངས་སུ་རྒྱུ་ཞིང་།

སེམས་ཀྱི་བྱང་ཐང་ནས་ཁྱོད་ཉིད་མེ་ལྕེ་བཞིན་མཆེད་ཅིང་ཆུ་རླབས་ལྟར་འཕྱོ་དུས།

ངས་དེ་རིང་ལྟ་བུའི་སང་ཉིན་ཡོད་ཚད།

མཚར་སྡུག་གི་དུས་ཡུན་རེ་རེར་སྒོམ་ཡོད།

 

རྗེས་སུ། སྙིང་གཏམ།

སེམས་ཁོང་ནས་བརྡོལ་བའི་ཟུངས་ཁྲག་གི་དྭངས་མར་གྲུབ་ཅིང་།

བརྩེ་བ། མི་སེམས་སྡེབ་པ་ལས་འཕྱུར་བའི་འཇགས་མེད་ཀྱི་རླབས་རྒྱུན་དུ་གྱུར།


  • ལེ་ཚན་སྔོན་མ།:གངས་ལྗོངས་སྣོད་བཅུད་ལ་བསྔགས་པ་སྙན་ཚིག་སེམས་ཀྱི་མཆོད་དབྱངས།
  • ལེ་ཚན་རྗེས་མ།:རང་བཞིན་བརྗོད་པའི་ལམ་ནས་ཁམས་པའི་ཚགས་པར་བརྗོད་པ།