གངས་ལྗོངས་སྣོད་བཅུད་ལ་བསྔགས་པ་སྙན་ཚིག་སེམས་ཀྱི་མཆོད་དབྱངས།

སྲད་འདབ་གསར།        2018-08-01

ཡུམ་སྒྱུ་འཕྲུལ་སྒེག་མར་འཁྲུངས་པའི་བུ།།

ཆོས་ཚད་མའི་ཐིག་ཤིང་ཟས་གཙང་སྲས།།

ཁྱེད་མཇལ་བའི་ལས་དབང་མེད་ན་ཡང་།།

ཡིད་དད་པའི་ཉ་མོ་ལྕགས་ཀྱུར་འཁོན།།


མཛེས་ལང་ཚོས་ཕྱུག་པའི་སྒྲ་དབྱངས་ལྷ༵།།

ལྷ༵་འཚོ་བྱུང་བུ་མོས་སྙན་འཇེབས་ཚིག༵ །

ཚིག༵་རྒྱུད་སྐུད་སྣེ་ནས་འཁྲོལ་རོགས་མཁྱེན༵།།

མཁྱེན༵་ཤེས་རབ་དབེན་པའི་ཙེ་ལུ་ལ།།


མཛེས་དབྱངས་ཅན་ལྷ་མོས་དངོས་གྲུབ་སྩོལ།།

མཛེས་སུམ་རྩེན་འཁུམས་པའི་གནས་མཆོག་འདིར།།

མཛེས་གངས་ལྗོངས་ཕྱུག་མོའི་སྣོད་བཅུད་འདིར།།

མཛེས་སྙན་པའི་ཚིག་གིས་བསྟོད་པར་སྤྲོ།།


སྔོ་མཐོན་མཐིང་སྒེག་མོའི་ཞལ་རས་ནས།།

དྲོ་ཉི་མའི་འོད་ཟེར་རབ་ཏུ་འཚེར།།

མཚན་འོད་དཀར་རྗེ་བོ་ཉམས་ཀྱིས་འཁྱིལ།།

གསལ་སྐར་མས་བྲོ་གར་རབ་ཏུ་མྱོས།།


སྟོང་ཐོགས་རེག་མེད་པའི་ནམ་མཁའ་ན།།

བྱ་ཐང་དཀར་རྒོད་པོས་གཤོག་རླབས་རྩེན།།

དཀར་ལྷ་བྱ་གོང་མོ་རྩེད་འཇོར་གཡེང་།།

བྱིའུ་འཇོལ་མོའི་གསུང་གཞས་ཀྱུ་རུ་རུ།།


མཐའ་ཀེ་ལ་ཤ་ཡི་གཞོང་པའི་དབུས།།

ཚོན་ལྔ་འཛོམས་དབུ་ལྕོག་ཁྲ་དིང་དིང་།།

སྔོ་གྱ་མ་གྱུ་ཡི་དུ་བའི་གྲོང་།།

ཡུལ་འཛམ་གླིང་ཡང་རྩེའི་ཁྱིམ་གཞིས་རེད།།


ལག་ཕྲེང་བའི་རང་སྒྲ་བར་མེད་འཁོར།།

ངག་མ་ཎིའི་དབྱངས་རྟ་དི་རི་རི།།

ཡིད་དཀོན་མཆོག་གསུམ་པོ་སྒོམ་བཞིན་དུ།།

ལྷ་ཕོ་ལྷ་བསོ་བའི་དལ་འཛིན་གནས།།


དཔྱིད་ཁུ་བྱུག་བུ་མོས་གླུ་དབྱངས་ལེན།།

ས་དོག་མོའི་རུམ་ནས་མཆེ་བ་འཁྲུངས།།

བྱ་དེ་ཕོ་ཚ་ལུས་འདོད་ལྡན་བྱེད།།

མཛེས་དྲི་ཞིམ་མེ་ཏོག་སྤང་ན་བཞད།།


དབྱར་ཕོ་སྟོང་འབྲུག་གིས་གད་རྒྱངས་སྒྲོག །

རྩྭ་ལྗོན་པ་གཡུ་ལོ་འདབ་སྟོང་གྲོལ།།

ཡངས་རྩྭ་ཐང་སྟེང་ན་རྟ་ལུག་དང་།།

ནོར་འབྲི་གཡག་རྡོང་རྭའི་སྐོར་བྲོ་འཁྲབ།།


སྟོན་འབྲས་ལྡན་སྙེ་མའི་ཚོགས་དག་གིས།།

མགོ་ཡང་ཡང་ལྡེམ་ནས་སྦྱིན་བདག་ལ།།

ད་ན་ཚོད་སྨིན་ཞེས་གཏམ་བཟང་དེས།།

རོང་ཨ་ཁུའི་མཛུམས་ཆུང་འོད་ཀྱིས་བཀང་།།


དགུན་ཁ་བ་དཀར་པོ་ལྷབ་ལྷུབ་འབབ།།

བོད་རྩམ་གཟན་སེམས་པ་གངས་ལྟར་དཀར།།

གཡག་རོག་པོའི་ཁྱུ་དག་གངས་རིར་འགྲུལ།།

གདོང་དམར་པོའི་སྙིང་སྟོབས་དེ་བཞིན་ནོ།།


གསལ་ལེགས་པའི་དུས་བཞིའི་དབྱེ་བ་དེ།།

ཡུལ་གནས་མཆོག་འདི་ཡི་ཁྱད་ཆོས་རེད།།

ས་གོ་ལའི་ཁམས་ན་བོད་ཡུལ་འདི།།

མཐོ་སུམ་རྩེན་ཡུལ་དང་ཨེ་འཁྲུལ་ལམ།།


མཐོ་དབྱིག་འཛིན་ཨ་མའི་རུམ་ཁོག་ན།།

ཡུལ་འཛམ་གླིང་ནོར་གྱི་ལྷ་སྲས་སྦྲུམ།།

དམའ་ཆུ་མོའི་ཕོ་ཉ་ཕྱོགས་བཞི་རུ།།

ཡིད་དགའ་བའི་གཏམ་གྱིས་ལྷུང་ལྷུང་རྒྱུག །


དབེན་ཞི་གྲོང་བཀོད་པ་ངོ་མཚར་བརྟས།།

ཆོས་ཅོང་སྒྲ་ཐོས་འཛིན་བུ་གར་སིམ།།

ཚེ་མི་རྟག་སྤུ་གྲིའི་རྣོ་ངར་བསམ།།

ལས་དགེ་བར་ངང་མོ་མཚོར་འཇུག་རེད།།


བྱམས་སྙིང་རྗེའི་མགོ་ནག་བོད་མི་ཡིས།།

གངས་དཀར་པོའི་ལྷག་བསམ་བཟང་པོ་ཡིས།།

དམག་འཐབ་མེད་ཞི་བདེའི་ལྷ་བྱ་གསོས།།

ཆོས་དགེ་བའི་རྩ་དོན་སྲོག་བཞིན་སྐྱོང་།།

སྔོན་སྦྲ་ནག་གྲུ་བཞིའི་གུར་ཁྱིམ་ནས།།

ཤ་མར་རྩམ་ཐུད་ཀྱི་འཚོ་རྟེན་ནས།།

རྟ་རྐྱང་རྒོད་གཞོན་ནས་ཀི་སྒྲ་བཅས།།

ས་གསུམ་གཉིས་དཀྱིལ་འཁོར་དབང་གིས་འགྱུར།།


དེང་གྲོང་གསེབ་གྲོང་ཁྱེར་གྲུ་ཟུར་ནས།།

སྔོན་སྲོལ་རྒྱུན་ཞག་ཚི་མ་ཡལ་ལ།།

དེང་ཚན་རྩལ་ཟེགས་མ་མཁའ་ལ་འཕྱོ།།

བོད་རྟོག་སད་གླུ་སྒྲ་ཧང་སེ་ཧང་།།


སྟོད་མ་ཕམ་གཡུ་མཚོ་གཡུ་མདོག་ཅན།།

བར་གྱད་མི་འདྲ་ལེའི་ལྷུན་པོ་མང་།།

སྨད་ཁྲི་ཤོར་རྒྱལ་མོ་བླ་མཚོ་རེད།།

བོད་ཆོལ་གསུམ་ཟེར་བ་ལྟ་ན་སྡུག །


གཙོད་བདེ་ལྕག་འཁྱུག་པོས་བྱམས་བརྩེ་གླེང་།།

དགོ་རྐུབ་དཀར་དེ་ཡིས་སྙིང་རྗེ་ཟེར།།

ལུག་གཡང་མོས་ཞི་བདེའི་གླུ་དབྱངས་ལེན།།

སྤྱང་སོ་ཆེན་རྟིང་ནས་མཐོལ་ལོ་བཤགས།།


རྟ་འཚེར་སྐད་ངར་མས་དྲང་བདེན་བརྗོད།།

གནག་ཐུལ་དཀར་འབྲི་མོས་ཚོགས་བསག་སྒྲུབ།།

གཡག་སུག་ཐུང་དེ་ཡང་དགེ་བར་ཕྱོགས།།

བོད་དག་པའི་ཡུལ་གྱི་ཞིང་ཁམས་རེད།།


མངར་བསང་དྲི་སྣ་ལ་མངར་བསང་བསང་།།

སྙན་ཆོས་སྒྲའི་འགྱུར་ཁུག་སྙན་ལྷང་ལྷང་།།

ལག་ཕྲེང་ཅན་འཛུམ་ཞལ་འོད་འཚེར་འཚེར།།

ཡུལ་མཐོ་སྒང་དྲན་དུས་དགའ་ལྷང་ལྷང་།།


ང་བསོད་ནམས་ཞིང་གི་བུ་ཞིག་ཡིན།།

ནད་འབུམ་འཇོམ་སྦྲང་དཀར་རྩམ་པ་ཡོད།།

རོ་བརྒྱ་ལྡན་ཆང་གི་བདུད་རྩི་ཡོད།།

ཞིམ་འོ་ཇ་མངར་མོའི་སྟོན་མོ་ཡོད།།


ཕུ་འབྲོག་པའི་མུ་མེད་རྩྭ་ཐང་ན།།

ཡིད་འཕྲོག་པ་འབྲོག་མོའི་ལ་གཞས་ཡོད།།

མདའ་རོང་པའི་ཞིང་གི་རྣང་མ་ན།།

མཛེས་ནས་འཁུར་བུ་མོའི་སྙིང་གཏམ་ཡོད།།


གླུ་ཨ་ལ་ཐ་ལ་ལེན་བཞིན་དུ།།

གནས་རི་ཆུར་སྐོར་བ་རྒྱག་གིན་ཡོང་།།

སྟོད་མངའ་རིས་མཚོ་ཡི་ཡུལ་དུ་སླེབས།།

བོད་ཁ་བའི་མཛེས་སྡུག་ཨེ་མ་ཧོ།།


ང་ཆང་གླུ་སྙན་མོ་ལེན་བཞིན་དུ།།

གཙང་མྱང་གཞུང་འབྲས་དཀར་ཕ་སར་སླེབས།།

མཐོ་ཇོ་རིའི་དབུ་ཕང་དགུང་ལ་སྙེག །

གནས་བྱིན་ཅན་བཀྲས་ལྷུན་ངོ་མཚར་ཆེ།།


ང་ནང་མ་སྟོད་གཞས་འཁྲབ་བཞིན་དུ།།

དབུས་ལྷ་ལྡན་ཉི་འོད་གྲོང་དུ་སླེབས།།

རྩེ་པོ་ཏའི་ཞོལ་ནས་འདང་རྒྱག་བྱས།།

རྗེ་སྲོང་བཙན་སྒམ་པོ་ལྷང་ངེར་དྲན།།


ང་རྩེད་བཞིན་རྩེད་བཞིན་མདོ་ལ་འགྲོ།།

མདོ་རིག་པའི་འབྲོང་གཡག་དེད་ཅིང་འགྲོ།།

ང་རྩེད་བཞིན་རྩེད་བཞིན་ཁམས་ལ་འགྲོ།།

ཁམས་སྟག་ཤར་རྩེད་ན་ང་ཡང་རྩེད།།


ཕྱི་སྣོད་ཀྱི་འཇིག་རྟེན་དབྱིག་གིས་ཕྱུག །

ནང་སེམས་ཅན་རྒྱུ་རྔམ་ཡོད་རེ་སྐན།།

གངས་རི་བོའི་སྣོད་བཅུད་འཁོད་ཟེར་ན།།

ང་ཤི་ནས་བུས་ཀྱང་དགོད་ཚར་མེད།།


སྙན་ཀ༵་ཁའི་བསྟོད་ཚིག་མེ་ཏོག་དེ།།

ཡུལ་ཁ༵་བ་ཅན་གྱི་ཕྱོགས་ལ་གཏོར།།

ས་ག༵་ས་ག་ལ་སླེབས་ན་ཡང་།།

བུ་ང༵་ཡི་བློ་སེམས་ཁྱེད་ལ་གཏད།།


དུས་བྲེལ་འཚུབ་གཅིག་གི་རྟ་ཕོར་གཞོན།།

འཕྲིན་གཙིགས་ཆེན་འཁྱེར་བའི་ཕོ་ཉ་ང་།།

བརྗོད་མི་ཚར་གངས་ཅན་སྣོད་བཅུད་ལ།།

མང་བསྟོད་བསམ་རེ་ཞིག་བསྐལ་བས་དབེན།།

 


  • ལེ་ཚན་སྔོན་མ།:མང་མང་སེམས་ཀྱི་རྒོད་པོ་ང་།
  • ལེ་ཚན་རྗེས་མ།:རྗེས་སུ།