མང་མང་སེམས་ཀྱི་རྒོད་པོ་ང་།

མདའ།        2018-07-30

ང་ནི་མང་མང་སེམས་ཀྱི་རྒོད་པོ་དེ་ཡིན

ནམ་འཕངས་སྟོད་ལ་བསྐྱོད་དེ

གཤོག་ཟུང་ཤུགས་ཀྱིས་རྡེབ་ཀྱང

དཔའ་བའི་ངར་སྐད་སྒྲོག་སྟེ

འཛམ་གླིང་གཡས་ཀྱི་སྐོར་བའི་བྱ་རྒོད་ཅིག་མིན

ཡིན་ནའང་། ང་ནི་མང་མང་སེམས་ཀྱི་རྒོད་པོ་རེད

ང་ནི་རྨས་སྐྱོན་ཕོག་པའི་

ལུས་ཟུངས་ཟད་པའི

སེམས་ཤུགས་ཤི་བའི

གཤོག་རྩལ་ཉམ་པའི་རྒོད་པོ་ཉམ་ཆུང་ཉམ་ཆུང་ཞིག་ཡིན

ཡིན་ཡང་། ང་ནི་མང་མང་སེམས་ཀྱི་རྒོད་པོ་དེ་ཉིད་རེད།

ཁོ་མོའི་རེ་བའི་མིག་ཟུང་དེ

གཡའ་དག་པའི་སང་ཉིན་གྱི་ནམ་མཁའ་ལགས་ན།

ང་ནི་སང་ཞོགས་ཉི་ཟེར་ཁྲོད་ཀྱི

བྱེའུ་ཆུང་ཅོ་ཀའི་དྲུག་འགྱུར་དེ་ཡིན་ཡང་ཆོག

རྒྱུ་མཚན། ང་ནི་མང་མང་སེམས་ཀྱི་རྒོད་པོ་དེ་ཡིན།

ཁོ་ཚོའི་མང་མང་སེམས་ཀྱི་རྒོད་པོ་ང

གཤོག་རྩལ་རྡེབ་བཞིན

གླུ་ཆུང་ལེན་བཞིན

མཛེས་འཛུམ་སྟོན་བཞིན་པའི་ཚུགས་ཀར་

ལྟ་བར་བྲེལ་བཞིན་གདའ།


  • ལེ་ཚན་སྔོན་མ།:ཕ་ས།
  • ལེ་ཚན་རྗེས་མ།:གངས་ལྗོངས་སྣོད་བཅུད་ལ་བསྔགས་པ་སྙན་ཚིག་སེམས་ཀྱི་མཆོད་དབྱངས།