སྨྱུག་སྨྱོན། 2018-07-30
རང་ཡུལ་ས་སྐྱ་ཚ་རོང་ལྕང་གཞོངས་ཞེས་པ་ཡུན་རིང་བྲལ་བའི་སེམས་ཀྱི་མེ་ལོང་ངོས་ཀྱི་དྲན་རྟོགས་པད་དཀར་ཆུན་པོ།
ས་ཆེན་གྱི་སྒང་ལ་བཏབ་པའི་རིན་ཆེན་མུ་ཏིག
ཡབ་མེས་ཀྱི་དགོངས་པར་བསྟིམས་པའི་གསེར་གྱི་ཨ་ལོང་།
གནམ་སྔོན་པོར་ཉི་ཟླ་དཀར་གསུམ་མཛེས།
དེའི་གསེབ་ན་སྤྲིན་དཀར་མེ་ལོང་མདོག
རི་མཐོན་པོའི་རྩེ་མོར་དཔྱངས་ཤིང་འགྱིང་།
ཕྱི་ལྷུན་པོ་རྩེ་ཡི་ཀ་བ་སྔར་ནས་འགྱེལ་མོད།
ནང་ཕུ་ནུའི་བློ་གྲོས་དར་ཤིང་བླ་ནས་གསོ་ཆོག
ཨ། ངའི་ཕ་ས།
གངས་ལ་ཉི་མ་ཤར་ན་ཡིད་ལ་རྫིང་ཆུ་འཁྱིལ་བའི་ཕ་ས།
ཡིད་ལ་རྫིང་ཆུ་འཁྱིལ་ན་གདོང་ལ་གངས་མདངས་དོད་པའི་ཕ་ས།
རི་ཀླུང་གི་སྙིང་ལ་ཟུག་པའི་འཇའ་ལུས་མཚར་པོ།
མ་མེས་ཀྱི་པང་ལ་འཁྲུངས་པའི་དངུལ་དཀར་ཆུན་པོ།
ས་དོག་མོར་གྲོ་ནས་སྲན་གསུམ་གང་།
ཆུ་སྔོན་མོ་གཡོན་དུ་དལ་ཞིང་རྒྱུ།
ཕྱོགས་བཞི་བོར་ས་འཛིན་ཕྲེང་བས་བསྐོར།
བར་བར་ན་ཁང་གཞིས་དཀྱིལ་འཁོར་བཟང་།
སྔོན་ལུང་ཆུང་འཚོ་ཚིས་ཀ་རྟེན་ཡེ་ནས་བྲལ་ཡང་
མ་སྲུ་མོའི་ཐབ་ལ་དྲོད་ཁོལ་གྱི་རྩ་བ་སོས་ཡོད།
ཨ། ངའི་ཕ་ས།
སེམས་ལ་རང་ཡུལ་འཁོར་ན་ཞེ་ལ་ཁྱུང་དཀར་འཁོར་བའི་ཕ་ས།
ཞེ་ལ་ཁྱུང་དཀར་འཁོར་ན་ངག་ལ་རྨོས་གླུ་བསྐྱིལ་བའི་ཕ་ས།
རྩོམ་གསར། 10