དབལ་ཤུལ་རྒྱལ་མཚན། 2018-07-30
རབ་དཀར་མཐོ་བརྗིད་ལྷུན་པོ་གངས་རི་དཀར་པོ།།
བོད་རྒྱལ་བཙན་པོ་གཟི་བྱིན་ཁྱོད་ཀྱིས་ངོམ་ཡོད།།
རྔམ་ཟིལ་རི་ཕྲན་མང་པོ་ཆགས་ཀྱིས་མནན་ཏེ།།
ང་རྒྱལ་དཔའ་བོའི་དཔུང་པ་ལྷང་ངེར་འགྲེངས་ཡོད།།
འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེར་འཕྱོ་ཞིང་།།
རྒྱལ་ཁབ་རི་ཕྲན་ཀུན་ལ་འགྲན་ཡ་བཟུང་སྟེ།།
བཙན་པོའི་མཚན་སྙན་དཀར་པོའི་བ་དན་གཡོ་བ།།
མེས་པོའི་སྲོག་གིས་བཞེངས་བའི་རྡོ་རིང་ཁྱོད་ཡིན།།
ཆོས་སྲིད་ཟུང་གིས་གཏམ་པའི་རིག་པའི་མཛོད་ཁང་།།
རིགས་རྒྱུད་གངས་ལས་བརྟན་པའི་རྟེན་ཕུར་གཡོ་མེད།།
མེས་པོའི་སྲོལ་བཟང་སྐྱོང་བའི་གངས་རི་དཀར་པོ།།
སྐད་ཡིག་སྲོག་གི་ཡང་སྙིང་མེས་དབོན་གངས་རི།།
དུས་འཁྲུགས་གནམ་ས་གོ་ལྡོག་མུན་པའི་ཀློང་དུ།།
མནར་གཅོད་འབུམ་ཕྲག་བཟོད་ནས་སྲོག་ཤིང་འཛིན་པ།།
ཆག་འཇིག་མ་བྱུང་གསོན་པོ་ད་དུང་ཡོད་དོ།།
མེས་དབོན་སྙིང་སྟོབས་གངས་རི་ཁྱོད་ཀྱི་དྲིན་ཡིན།།
བཅུ་ཕྲག་ཤེས་རིགས་མཛོད་ཀྱི་སྒོ་མོ་ཕྱེས་ཤིང་།།
གཞན་ཕན་ལྷག་བསམ་བཟང་པོས་གཏེར་ཁ་བདོ་བ།།
འཛམ་གླིང་མི་རིགས་ཡོངས་ཀྱི་ཡང་རྩེར་སོན་པ།།
མེས་དབོན་མཛད་པའི་རླབས་ལ་སུ་ཡིས་འགྲན་ནུས།།
སྙིང་སྟོབས་རྒྱལ་ཕྲན་མང་པོ་མངའ་དབང་བསྒྱུར་ཞིང་།།
རྒྱ་བལ་གཉིས་ལ་གཉེན་གྱི་གསེར་ཟམ་བཙུགས་ཏེ།།
རྒྱ་རྒྱའི་ས་རུ་མི་འགྱུར་རྡོ་རིང་བཞེངས་ཤིང་།།
བོད་རྒྱལ་བཙན་པོ་མཚན་སྙན་ཁྱོད་ཀྱིས་བླངས་ཡོད།།
མུན་པའི་གླིང་དུ་དམ་ཆོས་སྒྲོན་མེ་སྦར་བ།།
རྒྱ་གར་པན་གྲུབ་བརྒྱ་རྩ་གདན་དྲངས་བྱས་ཏེ།།
བཀའ་དང་དགོངས་འགྲེལ་མང་པོ་ཡི་གེར་བཏབ་ཅིང་།།
མི་ཆོས་བཅུ་དྲུག་གཙང་མའི་ལམ་ལུགས་བསྐྱངས་མཁན།།
སེམས་ན་བརྗེད་པ་མེད་པའི་མེས་དབོན་སྙིང་སྟོབས།།
ནམ་ཡང་འབྲལ་བ་མེད་པའི་སྐད་ཡིག་གཉིས་པོ།།
བཀའ་དྲིན་གཞལ་ཐབས་བྲལ་བའི་ལོ་ཙྰ་རྣམ་པ།།
བོད་མིས་སྦྱང་རྩོན་དགོས་པའི་ཤེས་བཅུའི་རིག་གནས།།
ད་དུང་བཤད་མཐའ་བྲལ་བ་སྲོལ་བཟང་གོམས་གཤིས།།
ཕ་མས་གནང་བའི་མི་ལུགས་ལྷ་ལུགས་བཟང་པོ།།
མ་འདུས་མེད་པའི་རབ་མཛེས་གངས་རི་དཀར་པོ།།
ཁྱོད་ནི་གཡོ་བ་མེད་པའི་ཁྲག་རྒྱུན་འགྱུར་ཤོག།
རྩོམ་གསར། 10