སྐྱེལ་ཆང་།

གངས་ཚ་འཇོམས།        2018-07-30

སྨག་ནག་གི་མཚན་མོ་འདིར།

ངས་ཁྱེད་ཚོར་སྐྱེམས་ཆང་རེ་ཕུལ་ཏེ།

མིག་མཐའ་མཆི་མའི་བརྣངས་ནའང དགོད་ཁ་སློང་གིན།

སེམས་པ་སེམས་པར་གླན་ཏེ དགའ་སྡུག་གི་ཚོར་བ་ཡོད་ཚད་ཡི་གེར་ཕབས།

གྱེས་བྲལ་ལ་བསམ་གཞིགས་མི་གཏོང་བར།

མ་འོངས་པའི་ཕུགས་བསམ་དང་སྙན་ངག་གླེང་།

 

ཁུ་ནག་དམ་བེ་གང་རེ་ཧུབ་ཀྱིས་བཏུང་དུས།

ཁ་སང་གི་འདས་དོན་དག་ཡིད་ལ་ཝ་ལེར་ཤར་འོང་།

དྲན་པའི་ཁོང་གསེང་དུ་སྦས་པའི་བརྩེ་མདུད་དགུ་སྒྲིལ།

ང་དང་ཁྱོད་ཀྱི་ཟུངས་ཁྲག་གིས་བྲིས་པའི་རྡོ་བརྐོས་རི་མོ།

སྲ་མཁྲེགས་གེར་འཇིགས་པ་མེད་པར་ཀྲོང་ངེར་འགྱིང་འདུག

 

མེ་ཏོག་གི་འདབས་མ་རྣམ་པར་བཞད་པའི་ཟླ་བདུན་པར།

ཁུ་བྱུག་གི་གསུངས་སྙན་གང་སར་སྒྲོག་པའི་ཟླ་བདུན་པར།

མཚན་མོ་འདི་བརྒལ་རྗེས་ང་ཚོར་ཉི་མས་སྐྱེལ་ཆང་འདྲེན་ངེས།

སྤུན་ཟླ་ཚོ ན་གཞོན་ཚོ།

ང་ཚོ་འདི་ནས་གྱེས་ཏེ སླར་ཡང་འདི་རུ་འཛོམས།


  • ལེ་ཚན་སྔོན་མ།:དྲིན་ཚོར་ནས་ཚོར་སྐད་བསྒྲགས་པ།
  • ལེ་ཚན་རྗེས་མ།:གངས་དཀར་རི་བོ།