དྲན་པ་དམར་པོ། 2018-07-27
དྲན་གདུང་གི་སྙིང་ནད་ཅིག་འདི་ནས་མ་འཕར་ན།།
མིག་ཆུ་ཡི་གཙང་བོ་ཞིག་འདི་ནས་བཞུར་དོན་མེད།།
སེམས་ནང་གི་མྱི་བུ་ཞིག་འདི་ནས་མ་དྲན་ན།།
གདུང་སེམས་ཀྱི་སྨྲེ་སྔགས་ཞིག་འདི་ནས་ཤོར་དོན་མེད།།
ཕྱིར་དྲན་གྱི་སྣང་བརྙན་ཞིག་འདི་ནས་མ་མཐོང་ན།།
དྲན་གདུང་གི་མཚོ་མོ་ཞིག་སེམས་ལ་འཁྱིལ་མི་སྲིད།།
རེ་སྒུག་གི་མིག་ཟུང་ཞིག་ཉིན་བཞིན་མ་ཅེར་ན།།
ན་ཟུག་གི་མེ་ཏོག་ཅིག་སེམས་ལ་བཞད་མི་སྲིད།།
མཛེས་སྡུག་གི་བཞིན་དཔལ་ཉིད་སེམས་ལ་མ་བསྒོམ་ན།།
སྐྱོ་སྡུག་གི་ཆམ་ནད་ཅིག་འདི་ནས་ཕོག་མི་སྲིད།།
བཅོས་མིན་གྱི་སྙིང་གཏམ་ཞིག་འདི་ནས་མ་ལབ་ན།།
སྙན་ངག་གི་ལྷུ་ཚིགས་ཤིག་ཁྱེད་ལ་བསྒྲིགས་དོན་མེད།།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10