གྲུ་ཟུར། 2018-07-27
ཀ་བཞིན་ཐོག་མའི་བློ་དཀར་དྲིན་ཆེན་གྱི་ཕ་མས།།
ཁ་ཞེ་སྙིང་ནས་རེ་འདུན་ཆེན་པོ་ཞིག་བཅང་དེ།།
ག་ས་གང་གི་མ་ཡུམ་སློབ་གླིང་ལ་བསྐྱལ་བའི།།
ང་ཚོ་གཞོན་སྐྱེས་སློབ་བུ་ཐུན་མོང་གི་འོས་འགན།།
ཅ་དག་རིག་པའི་གནས་ལ་སློབ་པ་དེ་ཡིན་ལ།།
ཆ་ལུགས་ཡ་མ་ཟུང་གི་སྣང་བརྙན་ཞིག་བཏོད་ཅིང་།།
ཇ་ཆང་ཁང་ན་སྣང་བ་མཐོན་པོ་རུ་སོང་དེ།།
ཉ་ཟོས་སྤྱོད་ངན་དེ་ཚོ་ང་ཅག་གི་ལས་མིན།།
ཏ་ལེན་ཕྲག་ལ་གཟར་བའི་ཨ་ཕ་ཡི་རེ་འདུན།།
ཐ་མག་ཆང་སོགས་བྱ་ངན་སྤྱོད་ངན་གྱིས་མ་བརླག།
ད་ལྟ་འཛམ་གླིང་སྣ་མང་ཤེས་རིག་གི་སྦྲང་རྩི།།
ན་ཚོད་དར་ལ་བབས་པའི་སློབ་བུ་ཚོར་དབང་ཡོད།།
པ་པིར་སྙུག་གུ་འཛིན་བའི་དེང་རབས་ཀྱི་སློབ་བུ།།
ཕ་མའི་དཀའ་སྡུག་ཁྲི་ཕྲག་སྣང་མེད་དུ་བོར་ནས།།
བ་གམ་བརྩེག་འདྲའི་གྲོང་ཁྱེར་ཁྲ་ཁྲ་ཡི་ནང་གི།
མ་ལོའི་སྒོར་དང་རང་གི་མི་ཚེ་རེ་མ་གཟད།།
ཙ་བོ་ཚེར་མ་བདོ་བའི་རི་ལུང་གི་སྐེད་ན།།
ཚ་གྲང་གང་ཡང་བཟོད་པའི་བྱམས་ལྡན་གྱི་ཕ་མས།།
ཛ་གད་དྭངས་མའི་ཟས་མཆོག་ང་ཚོ་ལ་གནང་མྱོང།།
ཝ་ལེར་གསལ་བའི་དྲིན་ཆེན་ནམ་ཡིན་རུང་མ་བརྗེད།།
ཞྭ་ཕུད་གུས་ལུགས་མི་ཤེས་རྒྱ་གྲོང་གི་སློབ་བུ།།
ཟ་ཟིའི་བརྩེ་དུངས་ངང་ན་མགོ་བ་རེ་འཁོར་བཞིན།།
འ་ཆད་འུ་ཐུག་ཡིན་པའི་སྐད་ཆ་རེ་གླེང་དེ།།
ཡ་མཚན་རིག་པའི་སློབ་སྦྱོང་འཆོར་གུ་རེ་མ་འཇུག།
ར་བ་གཅིག་ལས་མཆེད་པའི་ཆོལ་གསུམ་ལ་བཅང་བའི།།
ལ་རྒྱ་གཟི་མདངས་ཅན་པོོ་ཡིད་ཡུལ་ན་མེད་ཀྱང་།།
ཤ་ཚ་སེམས་ན་འཁོར་བའི་ཕ་མ་ཡི་རེ་འདུན།།
ས་ཆ་གང་དུ་སོང་ཡང་སེམས་ཁོང་ནས་མ་བརྗེད།།
ཧ་གོ་ཨེ་བྱུང་རིགས་མཐུན་སློབ་གྲོགས་ཚོ་ཡོངས་ལ།།
ཨ་ལ་ཨ་མཚར་ཡིན་ནོ་གཞན་ཕན་གྱི་ཚིག་མིན།།
འདི་ནི་རང་ལ་དྲིས་པའི་ཀ་རྩོམ་ཞིག་ཡིན་གྱི།།
གཞན་གྱི་མདུན་ལམ་སྟོན་པའི་སྒྲོན་མེ་ཞིག་ག་ལ།།
ཚིག་སྦྱོར་སྡེབ་ལེགས་འཇམ་པོའི་སྙན་ཆ་ཡང་དཀོན་མོད།།
ཨ་མཚར་ཨ་ཡིག་དབྱངས་ཀྱིས་མཐའ་བརྒྱན་ཞིག་བྲིས་སོ།།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10