དུས་ཀྱི་འདབ་ཆགས། ཕ་ཡུལ་གྱི་ན་གཞོན།

རིག་ཉི།        2018-07-27

དཔྱིད་ཀའི་ཉིན་སྲིབ་ནས་བརྡོལ་བའི་ཆུ་མིག་གི་རྣམ་ཤེས་བྲུག་པ་བཞིན། །

ཁྱེད་ཀྱི་བསམ་བློའི་ཁ་དོག་ཀྱང་ཤོག་ལྷེའི་རུམ་ནས་ཡང་ཡང་འགྱུར་དགོས། །

མཁའ་དབྱིངས་ཀྱི་སྐར་ཚོམས་ལྟར་བྱེར་བའི་དབྱངས་གསལ་གྱི་མེ་ཏོག་སྣུམ་པོ། །

རྩྭ་ཐང་ལྷ་མོའི་བཞིན་ཤ་གསོ་བའི་དུས་ཀྱི་ཆར་རླུང་གི་རལ་བ་ཡིན་འགྲོ། །

 

རི་ཚོགས་ཀྱི་ལྷུམས་སུ་སྲིད་པའི་གཉའ་ཁྲི་བཙན་པོའི་མི་རབས་གསོན་ཞིང་། །

མི་རབས་དེ་ཉི་ཟླས་གོམ་པའི་རྩྭ་ཐང་གི་མེའི་རལ་བ་ཡིན་སོང་། །

མེའི་རལ་བ་སྙན་ངག་གི་ལྟེབ་ཏུ་སྟོན་ཁའི་ལོ་མ་བཞིན་བརྗོད་ཚེ། །

དེའང་ཉི་འོད་ཀྱིས་བསྐྱངས་པའི་ཕ་ཡུལ་བའི་རྒོད་པོའི་ཁྱུ་ཚོགས་ཡིན། །

 

སེམས་ཀྱི་ཉི་འོད་ནང་འདྲེན་བྱས་ཏེ་སྙན་ངག་ལ་སྡུག་འབད་བྱེད་བཞིན། །

བང་གིས་བཞུར་བའི་ཆུ་བོའི་འབབ་རྒྱུན་ལ་ཅོ་འདྲི་བའི་བློ་སྤོབས་བསྐྱེད། །

སང་ཉིན་གྱི་མིག་མཐའ་བརླན་པར་བྱས་ཏེ་མེ་ཡི་རུ་དཔུང་སྒྲིག་གིན། །

རི་སྤྱང་ལྟར་རྩ་དོན་གྱི་ལས་རིམ་དཔྲལ་བའི་མིག་གིས་འཚོ་ཞིང་སྐྱོང་། །

 

སོས་ཀའི་ནམ་ཚོད་ཀྱི་སྒོ་གླེགས་རྡུང་བའི་དུས་ཀྱི་འདབ་ཆགས་ཤིག །

ཕ་ཡུལ་གྱི་ནམ་མཁར་སྤྲིན་པའི་ཁ་ཆུ་ལྟར་དུང་བའི་རི་མོར་བབས། །

རླུང་གི་ཡལ་ག་ལ་བྲག་ཅ་རྡེབ་པའི་སང་ཉིན་གྱི་བླ་མ་གང་། །

ཁ་བའི་མེ་ཏོག་གི་ལང་ཚོ་འཁྱུད་པའི་ལོ་དེབ་དེའི་ནང་མ་ཡིན། ། 

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:རྒོད་པོ།
  • ལེ་ཚན་རྗེས་མ།:བྱེའུ།