ཁྱི་ཡི་ལོ་ལ་ཁྱི་དང་ཁྱི་མགྱོགས་བརྗོད།

ཉི་མ་རྡོ་རྗེ།        2018-07-02

ཟས་ལྷག་བཀྲུས་ཁུ་ཕལ་བའི་བཅུད་ཀྱིས་གསོས།།

ལྕགས་ཐག་ལྗིད་པོས་རྒྱ་སྒོ་འགྲམ་ནས་བཏགས།།

ཉིན་མཚན་དུས་དྲུག་འགྲོ་འདུག་རང་དབང་མེད།།

འདི་ནི་དུད་འགྲོ་ཁྱི་ཡི་གནས་བབ་ཉིད།།

མི་ཡི་ལུས་ལ་ཁྱི་ཡི་སྤྱོད་པ་ཅན།།

རྒྱུ་ནོར་རིག་དུས་བཙོང་ལ་ཐེ་ཚོམ་མེད།།

ཐོབ་དང་ཟ་རྒྱུ་མཐོང་ཚེ་དགོད་ཁ་ཤོར།།

འདི་ནི་རྐང་གཉིས་"ཁྱི་"ཡི་གཤིས་ཚུགས་ཉིད།།

ཁ་ཤས་མི་ལ་ཤ་ཆང་མགྲོན་ཁ་བྱས།།

ཕན་པ་ཡོད་པའི་སྲི་ཞུ་མང་ཙམ་སྒྲུབ།།

དོན་དག་ཕྲན་ཚེགས་མ་འགྲུབ་སྔར་བྱས་བརྗེད།།

རང་གཤིས་རྣལ་མ་ངོ་དང་སྤྱོད་པས་བསྟན།།

དུད་འགྲོ་ཁྱི་ནི་མི་ཡི་གྲོགས་མཆོག་ཉིད།།

ཟས་ལ་གཙང་གཙོག་ངོ་ལ་དགའ་སྡུག་མེད།།

བདག་པོའི་དྲུང་དུ་ཉེ་བར་བཏུད་ནས་བཅར།།

རྒྱུ་ནོར་སྲུང་ལ་གཡོ་སྒྱུ་སྤུ་ཙམ་མེད།།

འདྲ་མིན་སྣ་ཚོགས་མཐོང་བའི་འཇིག་རྟེན་ནས།།

མི་དང་ཁྱི་ཡི་གཤིས་སྤྱོད་ལྷག་ཏུ་མངོན།།

མི་ངན་རེ་འགའི་བྱ་སྤྱོད་སྐྱུག་བྲོ་བ།།

ཁྱི་ངན་རེ་འགའི་མན་ལ་ཡོད་པ་མཐོང་།།


  • ལེ་ཚན་སྔོན་མ།:མེས་པོ་དྲན་ཚུལ།
  • ལེ་ཚན་རྗེས་མ།: སེམས་ཀྱི་སྨོན་པ།