ཀ་བཤད་གཏམ་དཔེ་ཆུ་ཐིགས།

ཞ་ལུ་སྐྱེས་བསོད་ཚེ།        2018-07-02

ཀ་རྡོ་བཞིན་དུ་བརྟན་མ་བྱས།།

ཁ་ནས་ཚིག་ཤོར་ཡུ་བ་ཐུང་།།

ག་ཚོད་ཉེ་ཡང་དེ་ཙམ་གཟབ།།

ང་སྡུག་ཁོ་སྡུག་འགྱོད་ཡང་ཕྱི།།

 

ཅ་ཟིང་གཏམ་ཞིག་དྲངས་པ་ལས།།

ཆ་ལུགས་མཐུན་པའི་དོན་ཞིག་སྤེལ།།

ཇ་ཆང་ལོངས་སྤྱོད་ཐལ་དྲགས་ན།།

ཉ་མོ་ལྕགས་ཀྱུས་འཛིན་ཉེན་ཆེ།།

 

རྟ་ཕོའི་གོང་ཐང་མི་ཡིས་གཅོད།།

ཐ་ཤལ་ཅན་ལ་ཉན་མི་བྱ།།

ད་ལྟ་རབ་དང་བཟང་ན་ཡང་།།

ན་གཞོན་སྨྲ་ལྕེར་བདག་པོ་རྒྱོབ།།

 

པ་ཕ་བཟི་བའི་བློ་ཤེད་དེ།།

ཕ་རྒྱུད་བུ་ལ་ངེས་ཀྱི་འཁྲིད།།

བ་མོ་མེད་པའི་མར་དཀྲོག་ལ།།

མ་འདོད་སྐྱོན་གྱི་མཛུབ་མི་བྱ།།

 

ཙ་རི་གནས་བཟང་རང་གི་བསྐོར།།

ཚ་གྲང་བཀྲེས་སྐོམ་སྡུག་ཡུས་བྱེད།།

ཛ་ཁྱེར་རྡོ་ཉོས་གཏམ་ཚིག་གིས།།

ཝ་མོ་ཆུ་བཟི་གྲ་ལོ་སྐྱེལ།།

 

ཞྭ་མོ་སེར་ཡང་མགོ་ལ་སྤམ།།

ཟ་རྒྱུ་སྐྱོ་ཡང་གྲོད་པ་འཕྱིས།།

འ་ཆད་འུ་ཐུག་མཆོང་རྒྱག་སྤོང་།།

ཡ་རབས་ཅན་གྱིས་དྲང་བདེན་གསེལ།།

 

ར་བ་ཕྱུགས་ཀྱི་གང་ན་ཡང་།།

ལ་རེ་བརྒྱབ་ན་ཀླུང་རེ་ཡོད།།

ཤ་ལ་རྒྱག་དུས་རུས་ལ་གནོད།།

ས་འོག་འབུ་ལ་འབུ་རོགས་ཡོད།།

 

ཧ་ཅང་ཁ་བདེ་ལྕེ་མང་ན།།

ཨ་མའི་བུ་ཆུང་བརླག་ཉེན་ཆེ།།

ཧ་ཧུ་གྲོགས་པོར་བརྗོད་མང་ན།།

ཨ་མའི་བུ་ཆུང་ཆུ་ལ་ལྷུང་།།


  • ལེ་ཚན་སྔོན་མ།:ལང་ཚོའི་མཆོད་དབྱངས།
  • ལེ་ཚན་རྗེས་མ།:མེས་པོ་དྲན་ཚུལ།