ད་ནི་སློབ་དཔོན་ངོ་མ་རྒ་བཞིན་འདུག

སྲིད་པའི་བརྡ།        2018-06-29

དབུ་སྐྲ་མུ་ཏིག་གི་ཁ་བ་འབབ་བཞིན་འདུག།

ཚེམས་ཕྲེང་གེ་སར་གྱི་ཕྲེང་བ་སྤུར་གྱིན་འདུག།

གཉེར་མ་རང་བྱུང་གི་འཇའ་ཚོན་གསལ་ནས་འདུག།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག།


ལག་སོར་ལྗོན་པ་བཞིན་ལྷན་ལྷན་འདར་གྱིན་འདུག།

མིག་དབང་ས་སྲོད་ལྟར་མར་མར་རུབ་ཀྱིན་འདུག།

འཁོར་བའི་ཕུན་ཚོགས་ལ་སྐྱོ་བ་སྐྱེ་ཡི་འདུག།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག།


ཐར་པ་རིན་ཆེན་གྱི་གྲུ་ལ་བཅར་གྱིན་འདུག།

ཡིག་དྲུག་རོལ་དབྱངས་ཀྱི་རླབས་ལ་འཚང་གིན་འདུག།

དམ་པ་གང་མང་གི་རྣམ་ཐར་གླེང་གིན་འདུག།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག།


གནའ་དུས་ལོ་ཟླ་ལ་ཕྱིར་མིག་འཕེན་གྱིན་འདུག།

འབྱུང་འགྱུར་བདེ་སྡུག་ལ་དྲན་པ་བགླན་བཞིན་འདུག།

རི་སུལ་ལྷིང་འཇགས་ལ་ནང་སེམས་བྲེལ་བཞིན་འདུག།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག།


འཛུམ་དཀར་བྱམས་རྩེ་དང་བསྲེས་ཏེ་གཟིགས་ནས་འདུག།

སྙིང་གཏམ་ལེགས་བཤད་དང་བསྡེབ་ཏེ་འཆད་ཀྱིན་འདུག།

སྐབས་རེར་གསོལ་འདེབས་ཀྱི་ཉམས་ལ་ལྷུང་ནས་འདུག།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག།


མི་ལོ་སུམ་ཅུའི་ལྷག་སློབ་ཚོགས་ཁྲི་འབུམ་བསྐྱངས།།

དབྱར་དགུན་སྟོན་དཔྱིད་ཀུན་ནད་ཀྱི་སྡུག་བསྔལ་སེལ།།

གཞན་ཕན་གཞན་དོན་དུ་མི་ཚེའི་གཙང་པོ་བརྒལ།།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག།


ཆོག་ཤེས་ངེས་འབྱུང་ནི་ཁྱེད་ཀྱི་ནོམ་པ་རེད།།

ཐོས་སྒོམ་ལྷོད་མེད་ནི་ཁྱེད་ཀྱི་སྙིང་སྟོབས་རེད།།

བཟོད་དང་གུ་ཡངས་ནི་ཁྱེད་ཀྱི་ལྟ་གྲུབ་རེད།།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག།


མཐུན་སྒྲིལ་གསེར་ཟམ་དུ་ཁྱེད་ཀྱི་གོམ་སྟབས་མཛའ།།

གཡུ་ཐོག་དགོངས་གནད་དུ་ཁྱེད་ཀྱི་ཤེས་རབ་རྣོ།།

བདག་གི་སྙིང་དབུས་ན་ཁྱེད་ཀྱི་བཀའ་དྲིན་ལྕི།།

ད་ནི་སློབ་དཔོན་ཁྱེད་ངོ་མ་རྒས་བཞིན་འདུག


  • ལེ་ཚན་སྔོན་མ།:དྲན་པའི་ཚིག་གསུམ་བསྐུར་འདོད།
  • ལེ་ཚན་རྗེས་མ།:ལང་ཚོའི་མཆོད་དབྱངས།