སྟག་རིག་འབྲུག་ཐར། 2018-06-29
སྤང་མཐའ་མེད་ཨ་ལོང་ཁུག་གི།
མདོག་དཀར་དམར་མེ་ཏོག་སྟེང་ལ།།
གཡུ་སྦྲང་མས་མཆུ་འདབ་སྦྱར་ན།།
རྟ་འདོ་བའི་བྱང་ལམ་མེད་རུང་།།
ཞེ་སྣང་མཐུན་མཛའ་མོའི་ཕྱོགས་ལ༎
རྒྱུག་གོམ་པས་གཅད་ན་སྙམ་བྱུང་།།
མཚོ་དྭངས་མོ་མེ་ལོང་ཁུག་གི།
རླབས་ཕྲེང་བའི་བང་རིམ་ནང་ལ།།
ཉ་གསེར་མིག་རང་འཁྱིལ་བྱས་ན།།
རླུང་བསེར་བུའི་རྒྱུ་རྩལ་མེད་རུང་།།
ཞེ་སྣང་མཐུན་མཛའ་མོའི་ཕྱོགས་ལ༎
དུས་མྱུར་མོར་རྐྱལ་ན་བསམ་བྱུང་།།
ནགས་རྒྱ་རྫོང་ཚང་ཚིང་ཀློང་ནས།།
ཤིང་གསོམ་དཀར་ལྕུག་ཕྲན་སྟེང་ལ།།
བྱིའུ་འཇོལ་མོས་གསུང་དབྱངས་སྒྲོག་ན།།
སྙན་ཚངས་པའི་དབྱངས་འགྲོས་མེད་རུང་།།
ཞེ་སྣང་མཐུན་མཛའ་མོའི་ཕྱོགས་ལ༎
ཡིད་འགུག་པའི་གཞས་ཤིག་བསྐུར་འདོད།།
མཚོ་སྔོན་པོ་གཡུ་ཡི་གཞོངས་ཀྱི།།
བྱ་འདབ་ཆགས་བརྒྱ་ཚོགས་ཁྲོད་ནས༎
བྱ་ངང་ངུར་མཚོ་ནས་ཆགས་ན།།
དུང་བརྩེ་བའི་རྣམ་འགྱུར་མེད་རུང་།།
ཞེ་སྣང་མཐུན་མཛའ་མོ་མཉམ་དུ༎
ལུས་གྲིབ་གཟུགས་གཤིབ་ན་བསམ་བྱུང་།།
དགུང་མཐོན་མཐིང་ཨ་སྔོན་དབྱིངས་ཀྱི།།
མཛེས་རྒྱུ་སྐར་སྟོང་འདུས་ཁྲོད་ནས༎
འོད་གསལ་ལེའི་ཉི་ཟླ་འཛོམས་ན།།
ཚ་ལམ་ལམ་དྲོད་ཅིག་མེད་རུང་།།
ཞེ་སྣང་མཐུན་མཛའ་མོ་མཉམ་དུ༎
ཤ་མཆིན་པ་ལན་གཅིག་གླན་འདོད།།
དབྱངས་གསལ་བྱེད་ཕྲེང་བའི་རྒྱུན་ནས།།
སེམས་ཡ་ཆུང་དམར་པོའི་སྟེང་གི།
དྲན་གདུང་འབོད་གསང་མཐོར་སྒྲོག་ན།།
ཡིད་མཛའ་མོས་མཐོང་ཐོས་དབེན་རུང་།།
ཐག་རྒྱང་རིང་སྙིང་སྡུག་ཕྱོགས་ལ།།
ངས་དྲན་པའི་ཚིག་གསུམ་བསྐུར་འདོད།།
རྩོམ་གསར། 10