མཛེས་པའི་འཕྱོངས་རྒྱས། བོད་ཀྱི་ཕ་གཞིས།

ནོར་བུ་སངས་རྒྱས།        2018-05-14

འཕྱོངས་རྒྱས། ལོ་རྒྱུས་ཀྱི་གླེགས་བམ་མཐུག་པོ་ཞིག

བལྟས་མི་ཚར་བའི་གླེགས་བམ་མཐུག་པོ་ཞིག

འཕྱོངས་རྒྱས་གླེང་དུས།

གླེགས་བམ་མཐུག་པོ་དེ་དྲན་འོང་།

སྟག་རི་གཉན་གཟིགས་ཞེས་པའི་མི་བུ་དེ་དྲན་འོང་།

མི་བུ་དེའི་རྒྱབ་གཟུགས་མཐོང་འོང་།

ཁོང་འདྲ་བའི་བློ་གཤོག་ཅན་གྱི་བཙན་པོ་འགའ་དྲན་འོང་།

བཙན་པོ་དེ་ཚོའི་རྒྱབ་གཟུགས་མཐོང་འོང་།


ཉི་འོད་ལམ་ལམ་ཁྲོད་ནས་འཕྱོངས་རྒྱས་ལ་རྒྱང་བལྟ་བྱེད་དུས།

འཕྱོངས་རྒྱས་ནི་ལོ་རྒྱུས་ཁྲོད་ཡིད་ཚིམས་པ་ཞིག་བཟི་འདུག

བཙན་པོའི་རྣམ་ཤེས་འཁོར་སའི་ཕ་ས་དེ་ན་ཡང་ཡང་བཟི་འདུག

བཟི་སྟངས་དེས་ད་བར་འཕྱོངས་རྒྱས་ནས་བདུད་རྩིའི་དྲི་ཞིམ་ཁ་བྱུང་།


ཆར་པ་ཟིམ་ཟིམ་ཁྲོད་ནས་འཕྱོངས་རྒྱས་ལ་བལྟ་དུས།

འཕྱོངས་རྒྱས་ནི་འཇའ་ཚོན་བཞིན་མཚར་འདུག

ཟླ་བ་སྒྲོལ་མ་བཞིན་མཚར་འདུག

ཟླ་བ་སྒྲོལ་མའི་འཛུམ་ཞལ་བཞིན་མཚར་འདུག

མཚར་སྟངས་དེས་འཕེལ་རྒྱས་ཀྱི་རྟེན་འབྲེལ་བཟང་པོ་འགྲིག་སོང་།


སྤོ་ཀེར་ཀེར་གྱི་ཕོ་གཞོན་དེ་ཚོས།

ང་ལ་འཕྱོངས་རྒྱས་གླེང་བྱུང་།

ཁ་ལྦུ་བ་ཆིལ་ཆིལ་ངང་ཟླ་བ་སྒྲོལ་མ་གླེང་བྱུང་།

སྐད་གསང་པོས་བཙན་པོའི་བང་སོ་གླེང་བྱུང་།

ད་དུང་། གནའ་ཉམས་ལྡན་པའི་རྗེས་ཤུལ་མང་དག་ཅིག་གླེང་བྱུང་།

ང་ཁོ་ཚོའི་འགྲེལ་བཤད་ལ་ཧང་སངས་མ་བྱུང་།

དེ་དག་ནི་ངས་སྔ་ས་ནས་རྙེད་པའི་འཕྱོངས་རྒྱས་རེད།

དཔེ་ཆ་མཐུག་པོའི་གསེབ་ནས་རྙེད་པའི་འཕྱོངས་རྒྱས་རེད།


རིག་པའི་དཔའ་བོ་འཕྱོངས་རྒྱས་ནས་འཁྲུངས་ཡོད།

རྒྱལ་བ་ལྔ་པ་འཕྱོངས་རྒྱས་ནས་འཁྲུངས་ཡོད།

གསེར་རི་འདྲ་བའི་གླེགས་བམ་མཐུག་པོ།

འཕྱོངས་རྒྱས་བ་ཚོས་བརྩམས་ཡོད།

ཁོ་ཚོའི་མཛད་རྗེས་ལ་དད་པ་སྐྱེས་སོང་།

དད་པ་དེ་སྙིང་ལ་རུམ་ཡོད།


བཙན་པོའི་རྣམ་དཔྱོད་ཐོགས་པའི་ཕོ་གཞོན་ཚོ།

དུས་རབས་ཀྱི་འཕེལ་རྒྱས་ཁྲོད།

འཚོ་བ་ཡི་ལམ་བུ་གཏོད་ཀྱིན་འདུག

ཟླ་བ་སྒྲོལ་མའི་གཤིས་བཟང་ཐོགས་པའི་མོ་གཞོན་ཚོ།

དཔལ་ཡོན་གྱི་སྤྱི་ཚོགས་ནང་།

བྱམས་སེམས་ཀྱི་མྱུ་གུ་འཛུགས་ཀྱིན་འདུག


འཕྱོངས་རྒྱས་ནི་ཡང་ཡང་ཉུལ་དགོས་པའི།

སེམས་ཀྱི་དག་ཞིང་རེད།

འཕྱོངས་རྒྱས་ན་རིག་གནས་ཀྱི་ཉིང་བཅུད་འཁྱིལ་ཡོད།

བཙན་པོའི་རྣམ་ཤེས་འཁོར་ཡོད།

འཕྱོངས་རྒྱས་ན་ཡུལ་སྐོར་གྱི་མེ་ཏོག་བཞད་ཡོད།

ལྗོངས་རྒྱུ་བའི་སེམས་པ་དགའ་ཡོད།


མཛེས་པའི་འཕྱོངས་རྒྱས། བོད་ཀྱི་ཕ་གཞིས་རེད།


  • ལེ་ཚན་སྔོན་མ།:ངལ་རྩོལ་གྱི་འདུ་ཤེས།
  • ལེ་ཚན་རྗེས་མ།:འདི་ནས་ཕར་ལ་འགྲོ།