ངལ་རྩོལ་གྱི་འདུ་ཤེས།

གནམ་ལྕགས།        2018-05-09

མུ་མེད་སྔོ་བསངས་བུ་མོའི་པང་ཁུག་ནས།།

འོད་ཆེན་རྔམ་གྱིས་འཕྲོ་བའི་ཉི་ཟླ་སྟེ།།

རེས་མོས་ལྷོད་ལ་བསྒྱུར་བའི་འཆམ་མཐུན་ཁྲོད།།

བསམ་མེད་ངེས་ལ་འབྱུང་བའི་གངས་ཕྲུག་སྐྱིད།།


གངས་དཀར་མུ་ཁྱུད་བསྐོར་བའི་བསིལ་ལྡན་ལྗོངས།།

སྤྲོ་དགའི་ལས་བསོད་གཅིག་པའི་གདོང་དམར་བ།།

མུ་ཏིག་ཕྲེང་ལ་བརྒྱུས་པའི་ངལ་ལས་ཁྲོད།།

མཛའ་གཅུགས་གསེར་གྱི་མདུད་པ་དམ་དུ་སྦྲེལ།།


རིག་གཞུང་ཆོས་ཀྱི་བསྟན་པ་གཙུག་གི་ནོར།།

ཁ་བསོད་ལས་ཀྱི་དབང་ཐང་དགུང་ལས་མཐོ།།

ལྷན་སྐྱེས་སྐུ་ལུས་དམར་པོའི་བཟང་དགེ་སྟེ།།

ཕུན་ཚོགས་བདེ་ལ་འགོད་པའི་སྤྱོད་ཡོན་ཉིད།།


ངལ་བའི་ལས་ལ་རྩོལ་བའི་ས་བོན་བཏབ།།

ངལ་བ་འབྲས་མེད་མ་ཡིན་མྱུ་གུ་འབུས།།

ངལ་ལས་སྡུག་ལ་བཅོལ་བའི་ཤེས་ཡོན་པ།།

ངལ་རྩོལ་མི་ཤེས་ཕ་མཐའ་ཆོད་པ་དཀའ།།


ལས་ཀྱི་བཀོད་པའི་སྟོབས་ཀྱི་འབྱོར་བ་ཅན།།

རྒྱུ་དང་འབྲས་བུའི་ལ་མོ་བརྒལ་ནའང་།།

སེམས་དང་བསམ་པའི་འདུ་ཤེས་ཞན་ཙམ་དང་།།

བློ་དང་རིག་པའི་ཆ་ཤས་ཉུང་ཙམ་གདའ།།


ཡང་གཅིག་སྐྱབས་ཀྱི་མ་མའི་འདབས་རོལ་ནས།།

སྐྱིད་སྡུག་ལས་ཀྱི་ཉམས་མྱོང་ལེན་བཞིན་པའི།།

གསར་སྐྱེས་རོང་འབྲོག་དག་གི་གཞོན་སྐྱེས་ཚོས།།

དཀའ་བ་ལུས་ཀྱི་ན་ཟུག་སྟོབས་ཀྱིས་བཅོམ།།


ངལ་བ་སེམས་ཀྱི་ང་རོ་མཚམས་ཀྱིས་བཅད།།

ལུས་ཕུང་གློག་གི་འཕྲུལ་ཆས་རྡོ་རྗེ་བྲག།

འགུལ་སྤྱོད་སྔོ་སངས་བུ་མོའི་གནམ་ལྕགས་བཞིན།།

ལྡེམ་ལྡེམ་གར་གྱི་སྟངས་སྟབས་ངོམས་འདི་མཚར།།


  • ལེ་ཚན་སྔོན་མ།:ངལ་རྩོལ་དུས་ཆེན།
  • ལེ་ཚན་རྗེས་མ།:མཛེས་པའི་འཕྱོངས་རྒྱས། བོད་ཀྱི་ཕ་གཞིས།