ངལ་རྩོལ་དུས་ཆེན།

རྡོ་དཀར་པོ།        2018-05-09

འབྱུང་བཞི་ཆོས་སུ་ཆགས་པའི་འཇིག་རྟེན་གྱི།།

དུས་བཞི་རེས་སུ་འཁོར་བའི་དཔྱིད་ཀ་སྟེ།།

འཁྱག་ལ་འཁུམ་པའི་ནོར་འཛིན་དྲོད་ཀྱིས་སོས།།

རླུང་ལ་ཟད་པའི་གླུ་སྐད་ཐོལ་གྱིས་བྱུང་།།


དགུན་འཁྱག་བ་མོས་ལང་ཚོ་ཤུགས་ཀྱིས་ཤི།།

དཔྱིད་གསུམ་ཚེས་པའི་གསར་བརྡ་ཁུ་ལོས་བསྒྲགས།།

དགུན་གསུམ་རྫོགས་ལ་རེ་བའི་སོ་ནམ་པས།།

འཇོར་ཆུང་ཁུར་ནས་ངལ་རྩོལ་བྱེད་ལ་བྲེལ།།


གཙང་ཆབ་སྔོན་མོའི་འབབ་ཁ་སྔོན་ན་མཛེས།།

རྩྭ་ལྗང་གཡུ་ལོའི་བྲོ་བ་སྨད་ན་ཞིམ།།

མཐིང་སྨུག་སྦྲ་ཡི་གནས་ས་སྐེད་ན་ཡོད།།

རྫི་བོ་གཞོན་པའི་ཕྱུགས་འཚོ་ངལ་རྩོལ་ཆེ།།


རོང་འབྲོག་རེ་ཞིག་ངལ་རྩོལ་ལས་ལ་ཞུགས།།

རྒྱ་མིའི་ལྔ་པའི་ཚེ་གཅིག་བསྒུགས་ནས་ཡོད།།

དེ་རིང་ཟླ་བ་ལྔ་པ་ཚེས་སོང་བས།།

ད་ནི་ངལ་རྩོལ་ལས་ལ་གཞོལ་བར་བྱ།།


  • ལེ་ཚན་སྔོན་མ།:བཅུ་ཕྲག་རིག་པ་རྩོལ་བའི་ངག་གི་གཞས་ཆུང་།
  • ལེ་ཚན་རྗེས་མ།:ངལ་རྩོལ་གྱི་འདུ་ཤེས།