ཆུ། 2018-05-09
དཔྱིད་གཞོན་འོད་ཟེར་ལུས་ལ་བསྐོན་དུས།།
དྲོན་པོ་ཐུགས་ཀྱིས་དུངས་པ་འདྲེན་ནས།།
ལུས་ཀྱི་རྩ་རྒྱུས་ལྷོད་ལ་བཏང་བས།།
དོན་ལྔ་སྣོད་དྲུག་བདེ་ལ་བཀོད་བྱུང་།།
བདེ་བའི་ཚོར་བ་རྒྱ་ཡན་བཏང་དུས།།
འདོད་པའི་སྒོ་མོའི་འཆར་ཡན་དེ་ལ།།
རེ་བའི་འབྲས་དོན་སྨིན་པའི་ཕྱིར་དུ།།
ལུས་སེམས་རྩོལ་བ་པིར་རྩེར་བྱུགས་དང་།།
ཀ་ཁའི་དབྱངས་རྟ་ངག་ནས་དཀྲོལ་ཡོང་།།
རྨང་གཞི་ཤེས་བྱའི་འཁར་བར་བརྟེན་ནས།།
བཅུ་ཕྲག་རིག་པར་ཤུགས་ཀྱིས་འཇུས་ཡོང་།།
མིང་བརྡ་མངོན་པའི་བརྗོད་དོན་དག་མ།།
སྙན་པའི་རོལ་མོ་ངག་ལ་བཞུས་ཏེ།།
ཚིག་སྡེབ་ལེགས་པའི་སྦྱོར་བ་ཐོན་དུས།།
སྐར་མའི་རྩིས་ལེགས་དུས་བཟང་ཞིག་ལ།།
སྨྲ་ལྕེ་ཟློས་གར་རྒྱལ་ཁས་འཁྲབ་ཆོག།
ཆོས་གཞུང་ནང་དོན་ནན་གྱིས་རྟོགས་ན།།
ཚད་མའི་མིག་དབང་དབང་མེད་བཀུག་སྟེ།།
བཟོ་གསོའི་རྩོལ་བ་དྲག་ཏུ་འབར་ནས།།
སྒྲ་དོན་ལུང་རིག་རི་མོར་མངོན་ཡོངས།།
དུས་དེར་འཁོར་བའི་རང་གཤིས་དེ་ལ།།
ལེ་ལོ་སྡིགས་མོའི་འགྱོད་བཤགས་མི་དགོས།།
རང་སེམས་དྭངས་མའི་རང་བཞིན་བསྟན་ཏེ།།
བརྩོན་འགྲུས་རྟ་ཕོའི་ཆིབས་ཁ་བསྒྱུར་ནས།།
རྩོལ་བའི་གྲུབ་འབྲས་གཞས་ལ་གཏང་ཆོག
རྩོམ་གསར། 10