སྒ་རྒན་ཀུན་བཟང་རིག་འཛིན། 2018-05-07
རྒྱན་གཡུ་བྱུར་ཟེར་བ་རྡོ་རེད༎
ཡང་གསེར་དངུལ་ཟེར་བ་ལྕགས་རེད། །
རྒྱན་གསེར་དངུལ་རིན་ཐང་ཆེ་ཡང་། །
སེམས་བཟང་པོ་གསེར་གྱིས་མི་ཁུག །
གདོང་དཀར་དམར་བྲིས་པའི་མཛེས་པ། །
གོས་རྫིག་པོ་ཕྱི་ཡི་པགས་པ། །
ཕྱིའི་མཛེས་པ་བྲིས་ན་ཆོག་ཀྱང་། །
སེམས་བཟང་པོ་འབྲི་བའི་ཐབས་མེད། །
རྫུན་གཡོ་སྒྱུ་ཡོན་ཏན་མ་རེད། །
ཚིག་སྙན་མོ་སྙིང་གཏམ་མ་རེད། །
ཁ་མཁས་པོའི་སེམས་ལ་ཚོད་མེད། །
སེམས་བཟང་པོའི་ཁ་ལ་ཚོད་ཡོད། །
དཔོན་ཆེན་པོ་དབང་གི་མཛོད་རེད། །
དབང་སྤྱོད་ས་དམའ་བའི་འབངས་རེད། །
དབང་ཆེ་ཡང་སེམས་པ་བཟང་དགོས། །
སེམས་བཟང་པོ་བསྡུ་བའི་དབང་མེད། །
ངག་མ་ཎི་རང་གི་དོན་རེད། །
ལུས་བསྐོར་བ་སེམས་པའི་ཁྱད་རེད། །
དོན་སྡིག་པའི་ལས་ལ་མ་འཇུག །
སེམས་བཟང་པོ་མ་ཎིས་མི་མཚོན། །
སེམས་བཟང་པོ་སླ་མོའི་ལས་མིན། །
སེམས་བཟང་པོ་འདི་ཕྱིའི་ལམ་རེད། །
སེམས་བཟང་པོ་ཞི་བདེའི་མགོན་རེད། །
སེམས་བཟང་པོ་རྒྱན་ཆའི་མཛེས་རེད། །
རྩོམ་གསར། 10