གངས་རི་བ་གཙང་དཔལ། 2018-05-07
སྤོས་དཀར་གཡུ་ཤིགས་དྲི་བསུང་རང་འཁྱུལ་གྱི་ཤག་ཏུ། །
བཅུད་ལྡན་བོད་ཟས་འཁྱེར་བའི་ན་ཆུང་གི་མཛེས་མ། །
བཅུ་དྲུག་ལང་ཚོ་བབས་པའི་སྒེག་འགྲོས་ཀྱི་ཟུར་མིག །
བུ་ངའི་དབང་རྩ་འཛིན་པའི་ཆོམ་པོ་རུ་ལངས་སོང་། །
ལྡེམ་མྱུར་གར་མའི་ཚུགས་ཀས་ཉེ་ས་རུ་བཅར་ཏེ། །
འུ་གཉིས་ག་ཤེད་ཅིག་ནས་ཐུག་མྱོང་ངམ་དྲིས་དུས། །
ཅི་བསམ་འདི་དྲན་མེད་པར་ཨང་གྲངས་ལ་རེ་ཡང་། །
འཕྲིན་གྲོགས་ཤིག་ལས་བསམ་པའི་ལྷ་སྐལ་ལ་མ་དབང་། །
ལུས་པོ་གསོལ་ཁང་དེ་ཡི་ཕྱི་རོལ་ཏུ་ཡོལ་ཡང་། །
སེམས་པ་ད་དུང་ཁོ་མོའི་བྲང་གཞུང་ལ་འཁྲེང་འདུག །
བདེན་རྫུན་སྒྱུ་མའི་སྐད་ཆ་མནའ་ཐོ་ཡིས་བརྫངས་ནས། །
སྐད་འཕྲིན་བྱ་མ་རྟ་དེ་ཕོ་ཉ་རུ་བཏང་བཞག །
ཨེན་ཙམ་སྒུགས་ལ་ཤོག་དང་ཕྱིར་ཡོང་གི་ཨ་ལན། །
བདེན་རྫུན་ཆ་མི་གསལ་བའི་རྒྱགས་ཕྱེ་ཞིག་རྙེད་ཐལ། །
རེ་བ་རུམ་དུ་བཅུག་ནས་གླ་འཁོར་ལ་འཛུལ་ནས། །
ཁོ་མོའི་སྡོད་ཤག་དེ་ཡི་ཉེ་ས་རུ་བཅར་བཞག །
ཁྲ་ཆེམ་གློག་འོད་འཁྱུག་པའི་རྒྱ་སྲང་གི་སུམ་མདོར། །
རྫིག་རྫིག་རླངས་འཁོར་དཀར་ནག་ཁྲི་ཕྲག་གི་མཐའ་ན། །
སྐེ་བསྲིངས་རྐང་པ་བཀྱགས་དེ་རྒྱ་སྒོ་ལ་ཅེར་ནོའི། །
རྐུན་མའི་ཚུགས་ཀ་འཁྲབ་མཁན་ང་མ་གཏོགས་མེད་གདའ། །
ཐུང་ཐུང་སྐར་མ་གཉིས་ཀྱི་དུས་ཡུན་ལས་མེད་ཀྱང་། །
ང་ལ་ཡུན་ཞིག་འགོར་བའི་སྣང་བ་ཡང་འཁྲུལ་ཐལ། །
ཅེར་སའི་རྒྱ་སྒོ་ཙག་སྒྲ་རན་ཙམ་དང་ལྷན་དུ། །
རང་ལའང་ཡིད་ཆེས་དཀའ་བའི་མཛེས་བརྙན་ཞིག་ཐོན་བྱུང་། །
དབུ་ལྗོན་ཕྲག་པ་གཡས་པའི་སྐེ་ཁུག་ཏུ་འཕངས་ལ། །
བྲང་ཤ་སྔར་ལས་འབུར་ཞིང་ལྟེ་མིག་ཀྱང་མངོན་དེ། །
ང་ལ་གཏད་དེ་ཡོང་བའི་ཚུགས་ཀ་དེ་རིག་ན། །
དབང་རྩ་རྒྱུན་ལྡན་ཡིན་ན་མི་འགུལ་ནི་དཀོན་སྣང་། །
མགྱོགས་འགྲོས་རྐང་བཞི་ཅན་གྱི་ལྕགས་སྒམ་དུ་འཛུལ་ཏེ། །
①མིག་དགུ་ཟམ་པའི་རྒྱུས་ཡོད་ཆང་ཁང་དུ་ཆས་བཞག །
སྒམ་ཆུང་གཞི་རྒྱ་ཆུང་བའི་འཁྲུལ་སྣང་རེ་མིན་ན། །
སྤོས་ལྡན་གྲོང་ཁྱེར་བུ་མོའི་ལུས་དྲི་ཡིས་ཁྱབ་འདུག །
གློག་འོད་ཁྲི་སྟོང་འཁྱུག་ཅིང་ལྡིར་སྒྲ་ཡི་ཁེངས་ལ། །
དཀར་དམར་ཨ་རག་མང་པོ་དྲི་ངད་ཀྱི་ཁྲོད་ནས། །
བརླ་ཤ་དུང་ཐུར་འདྲ་བོས་ཨ་བུ་ལ་རེག་དུས། །
མཆུ་སྒྲོས་པདྨའི་ཟེ་བའི་དངོས་གྲུབ་དེ་ཐོབ་སོང་། །
ཨ་རག་ཆང་གི་མ་སྦྲིད་ལང་ཚོ་ཡིས་སྦྲིད་སོང་། །
ཨ་སྔོན་གནམ་གྱི་རྒྱལ་མོའི་དངོས་གྲུབ་ཀྱིས་སྦྲིད་སོང་། །
དཀར་འཇམ་གཞོན་ཤ་དྭངས་མོའི་སྒེག་ཉམས་ཀྱིས་བཟི་སོང་། །
མེ་ཏོག་ང་ལ་ཐོབ་པའི་རྟེན་འབྲེལ་གྱིས་བཟི་སོང་། །
སྐྱ་རེངས་བུ་མོར་དུངས་བའི་ཞོགས་བྱ་ཡི་སྐད་ངན། །
ང་ལ་རུ་ང་བྱེད་པའི་གཏེ་བོ་རུ་ལངས་དུས། །
ལྗེན་ཤ་ང་ལ་གླན་པའི་ཡིད་འཕྲོག་གི་ལྷ་མོར། །
འཁྱུད་སྦྱོར་ཐུན་མིན་དངོས་གྲུབ་སེམས་དཀྱིལ་དུ་ཐེབས་སོང་། །
①སྤོས་ལྡན་གྲོང་ཁྱེར་གྱི་ས་ཚུགས་ཤིག་གི་མིང་། རྒྱ་སྐད་དུ(九眼桥)ཟེར།
རྩོམ་གསར། 10