《ཁམས་པའི་ཚགས་པར》གྱི་རང་གཤིས་རྣལ་མར་བརྗོད་པ།

ཉི་མ་རྡོ་རྗེ།        2018-05-04

རྩོམ་སྒྲིག་རྒན་གྱི་ཕྱག་ཟུང་དྲོན་མོ་དང་།།

ཐུགས་ཀྱི་བརྩེ་བས་འབད་བརྩོན་བྱས་པར་བརྒྱུད།།

ཁམས་ཀྱི་ཕྱོགས་ནས་གཏམ་བཟང་བསྒྲགས་བྱེད་པ།།

《ཁམས་པའི་ཚགས་པར》ཡུལ་འདིའི་རྒྱན་དུ་འཁྲུངས།།

ལེ་ཚན་རེ་རེ་གཤམ་ནས་བརྗོད་པར་བྱ།།

ཚགས་པར་དེ་ཡི་ཁྱད་ཆོས་གླེང་བར་བྱ།།

པར་ངོས་རེ་རེའི་བཀོད་སྒྲིག་བྱས་གྱུར་ཏེ།།

རྩོམ་དང་གཏམ་བཟང་མང་པོ་ཆོལ་གསུམ་བསྐྱལ།།

ཕྱོགས་བསྡུས་གསར་འགྱུར་ནང་དུ་གཏམ་གསར་མང་།།

འཛམ་གླིང་མི་བདེ་འཁྲུག་རྩོད་བྱུང་བ་དང་།།

དཔལ་འབྱོར་དར་རྒྱས་དམངས་འཚོ་ཡར་རྒྱས་སོགས།།

པར་རིས་གསར་འགྱུར་འདི་ནས་ལྷུག་པོར་སྤེལ།།

རྒྱུད་གཅིག་ལམ་གཅིག་བྱེད་ཕྱོགས་མངོན་པར་བསྒྲགས།།

རྒྱལ་ཁབ་མང་པོས་འཕེལ་རྒྱས་མཉམ་དུ་གླེང་།།

དེ་ལ་སོགས་པའི་དོན་ཆེན་རླབས་ཆེན་པའི།།

རྒྱལ་ཕྱི་ནང་གི་གཏམ་གསར་ཕྱོགས་ཀུན་སྤེལ།།

སྐབས་དོན་ལེ་ཚན་འདི་ཡང་གལ་ཆེན་ཡིན།།

དབུ་ཁྲིད་རྣམ་པས་གལ་ཆེའི་དགོངས་དོན་དང་།།

མཛུབ་སྟོན་སློབ་གསོ་གསར་པའི་ཇུས་བཟང་འོག།

དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པར་བྱས།།

དབུལ་སྐྱོར་གནད་སྨིན་ཀྲུང་ཧྭ་འཛིན་མར་སྤེལ།།

བློ་ཐབས་མང་པོས་ཡོང་སྒོ་མཐོ་རུ་བཏང་།།

འབྲོག་ཁུལ་རྣམ་པ་གསར་པའི་འཚོ་བ་འདི།།

ཚགས་པར་ཁྱེད་ཀྱིས་བདེ་བར་གོ་རུ་འཇུག།

དེ་ལྟར་གཏམ་གསར་མང་པོ་ཡུལ་འདིར་དྲངས།།

གཞན་གྱི་ཉམས་མྱོང་མང་པོ་བརྗེ་རེས་བྱས།།

ཡར་རྒྱས་གོམ་སྟབས་ཉིན་བཞིན་ཡར་ཐོན་ཡོད།།

ཚགས་པར་ཁྱེད་ཀྱི་བྱས་རྗེས་བརྗོད་མི་ལང་།།

ལྷག་པར་དེ་ལས་བརྗོད་པར་འདོད་པ་སྟེ།།

ཉི་གཞོན་འཇའ་ཚོན་སྣ་ལྔའི་ལེ་ཚན་གཉིས།།

འབྲི་བར་འདོད་པའི་བུ་ལ་བཀའ་དྲིན་ཆེ།།

བསྐྱེད་བསྲིང་སྐུལ་སློང་བྱེད་པར་ཐུགས་རྗེ་ཆེ།།

རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་ལ།།

ཕུལ་བྱུང་རྩོམ་རིག་ཁྱད་དུ་འཕགས་པ་མང་།།

སྒྱུར་རྩོམ་ཀློག་བདེ་བཀོད་ནས་ཉམས་མྱོང་བླངས།།

ཕྱུག་པོར་བསྒྱུར་བ་འདི་ལ་བློ་སྒོ་འབྱེད།།

བདེ་ཐང་ཤེས་བྱས་ནད་གཞི་མི་འབྱུང་སླད།།

གཙང་སྦྲ་ཟས་སྤྱོད་མ་ལུས་ངོ་སྤྲོད་བྱེད།།

ནད་མེད་སྐྱིད་པོ་ཡོང་བའི་མོས་འདུན་དེ།།

ཚགས་པར་ཁྱེད་དང་དམངས་ཀྱི་ཐུགས་ལས་མངོན།།

གངས་ཅན་བོད་ལ་ཡུལ་སྲོལ་གོམས་གཤིས་མང་།།

རྒྱུན་མཁོ་ཤེས་བྱའི་ཚན་པར་ངོ་སྤྲོད་མཛད།།

མཁོ་གལ་ཆེ་བའི་འཛད་མེད་ཆུ་གཏེར་དེ།།

ཚགས་པར་ཁྱེད་ལས་མཐོང་བ་ཨེ་མ་རྨད།།

རང་རིགས་འདི་ལ་སློབ་གསོ་གལ་ཆེན་ཡིན།།

སློབ་གསོ་སློབ་ཁྲིད་ཉམས་མྱོང་འཁོད་པ་ཡི།།

པར་ངོས་དེ་ནི་ཚགས་པར་ཁྱེད་ཀྱི་རྒྱན།།

ཤེས་རིག་བདུད་རྩི་འཐུང་བར་བློ་སྤོབས་བསྩལ།།

ཤེས་བྱའི་རྒྱ་མཐོངས་འདབ་བརྒྱ་ལྷུག་པོར་གྲོལ།།

མཐོང་ཐོས་མེད་པའི་ཤེས་བྱ་ཡང་ཡང་བསྒྲགས།།

མཁས་པའི་བསླབ་བྱ་གནད་ལ་སྨིན་པའི་ཐབས།།

གོ་བདེ་ལམ་ནས་གཞན་གྱི་སྙན་དུ་བསྐྱལ།།

གླུ་གར་རྒྱ་མཚོའི་མཚན་འཛིན་ཁམས་ཁུལ་ན།།

སྙན་འཇེབས་བརྗོད་བྱ་ཟབ་པའི་གཞས་ཚིག་མང་།།

བློ་གྲོས་སྣང་བ་བསྐྱེད་པའི་སྙན་པོའི་ཚིག།

ཚགས་པར་བརྒྱུད་ནས་ཕྱོགས་མཐའ་ཀུན་ཏུ་སྤེལ།།

ཁམས་པའི་ཡུལ་སོགས་གངས་ཅན་ལྗོངས་འདི་ན།།

གནའ་དེང་མཁས་པ་མང་བ་རྩི་མཐའ་བྲལ།།

དཔྱད་རྩོམ་གསེར་གྱི་ཐུར་མ་འདི་ལས་ཀྱང་།།

དེང་གི་མཁས་པས་རྩོམ་གྱི་ཁྱད་ཆོས་ངོམ།།

ཁམས་པའི་འཛུམ་མདངས་འདི་ལ་ཁྱད་ཆོས་ཆེ།།

མེ་ཏོག་སྣ་བརྒྱ་བཞད་པའི་ལྡུམ་རྭ་བཞིན།།

རྩོམ་ཡིག་རེ་རེ་འདབ་བརྒྱ་རེ་རེ་བཞིན།།

རང་རང་སོ་སོའི་མཚར་སྡུག་མིག་གི་དཔྱིད།།

དཔྱིད་ཀྱི་མེ་ཏོག་ཐོག་མ་ཉིད་དུ་བྱོན།།

གངས་ཅན་བོད་ཀྱི་རྒྱན་དུ་གྲགས་པ་ཡི།།

མཁས་པའི་དབང་པོ་གླུ་བ་གླུ་མ་རྣམས།།

དེ་ལས་བརྒྱུད་ནས་འཇིག་རྟེན་རྒྱན་དུ་བྱོན།།

པར་ངོས་གཉིས་པ་དབྱར་གྱི་ལང་ཚོ་འོ།།

བོད་ཀྱི་དམངས་སྲོལ་ཁ་བའི་གཏམ་དཔེ་སོགས།།

རྩོམ་རིག་སྒྱུ་རྩལ་འདི་ནི་ངོ་མཚར་ཆེ།།

བོད་ཡུལ་ཁྱད་མཚར་ཕྱོགས་བཞིའི་ཡུལ་དུ་བཀྲམ།།

སྙན་ངག་ཟབ་མོ་བཅད་ལྷུག་སྤེལ་མ་དང་།།

རང་མོས་སྙན་ངག་རྩམ་དྲིའི་རྗེས་འགྲོ་བ།།

སྟོན་གྱི་སྙེ་མའི་འགྱུར་མེད་རང་མདངས་ཏེ།།

སློབ་བུ་གཅེས་ཕྲུག་མང་པོ་ཁྱེད་ལ་དུངས།།

དགུན་གྱི་འཛུམ་མདངས་འདི་ནི་མེད་ཐབས་མེད།།

ཕ་ས་དྲོན་མོས་དཔའ་བོ་གེ་སར་རྒྱལ།།

རང་རིགས་རྣལ་མའི་ལོ་རྒྱུས་སྲོང་པོར་བརྗོད།།

ཡིད་ཀྱི་དྭངས་བ་རང་རིགས་ཕྱོགས་སུ་དྲངས།།


  • ལེ་ཚན་སྔོན་མ།:ང་དང་དཀར་མཛེས་ཚགས་པར།
  • ལེ་ཚན་རྗེས་མ།:ང་དང་དཀར་མཛེས་ཚགས་པར།