ཉི་ཚེ། 2018-05-04
རྩོམ་རིག་གྱི་ཆུ་ཀླུང་བྲུག་ཞིང་།།
ཕོ་གསར་གྱི་རུས་པ་ཆགས་སའི།།
བདེ་སྐྱིད་ཀྱི་སྐྱ་རེངས་བསུ་བའི།།
འུ་ཅག་གི་དཀར་མཛེས་ཚགས་པར།།
དབྱངས་གསལ་གྱི་རྣམ་ཤེས་སྦྲུམ་ཞིང་།།
ན་གཞོན་གྱི་རྨི་ལམ་སྒུལ་བའི།།
ཕ་སྐད་དང་མ་ཡིག་འཕྱུར་སའི།།
རེ་སྨོན་གྱི་དཔྱིད་ཀ་ཆུང་ཆུང་།།
ཤེས་རབ་ཀྱི་ཁྲབ་རྨོག་གྱོན་པའི།།
རྩོམ་པོ་ཡི་ཆགས་སྡང་བྱོ་ས།།
འཆར་ཡན་གྱི་རྟ་ཕོ་འདྲོགས་སའི།།
སྒྱུ་རྩལ་གྱི་གངས་ཐང་རིང་མོ།།
མཐོ་སྒང་གི་མཛེས་སྡུག་མཐའ་དག།
གྲོང་གསེབ་ཀྱི་འདུ་འཛི་སྣ་ཚོགས།།
ཚོར་སྣང་གི་ཕྱི་ནང་འབབ་ས།།
གླུ་ངག་གི་ཕྱེ་མའི་ཐང་ཆེན།།
སྙན་ངག་གི་ལན་བུ་བསླ་སའི།།
བློ་རིག་གི་རྣམ་དཔྱོད་འབར་སའི།།
ལོ་རྒྱུས་ཀྱི་ལུག་ཁྱུ་ཞོགས་ས།།
རྒས་མེད་ཀྱི་ཞིང་ས་གཤིན་པོ།།
ཁོ་བོ་ཡི་ལོ་ཟླ་དག་གི།
སྐྱིད་སྡུག་གི་མཆི་མ་བཞུར་ས།།
སེམས་རྒྱབ་ཀྱི་ཕུག་འདུན་བཤད་ས།།
ཡིད་འདྲིས་ཀྱི་དགའ་མ་གཅིག་ཡིན།།
རྩོམ་གསར། 10