བསྟོད་པའི་ཚོམས།

སེ་མཚོ་སྐྱེམ།        2018-05-04

ལེ་དབར་སྟོང་གི་ཡར་ངོགས་ཆུ་འཛིན་དཀར་པོ་ཡི་འོག་ན། །

མདུན་རི་མཁའ་ལྡིང་དབང་པོ་རྒྱབ་ཕྱོགས་ས་སྲུང་འགྱིང་འདྲ། །

ཉི་ཟླ་ལུང་པའི་མདོ་ན་བསླབ་གསུམ་འཛིན་པའི་ཆོས་སྡེ། །

བཤད་སྒྲུབ་ལས་ཀྱི་འཁོར་ལོ་ནོར་བུའི་མཛོད་ལ་འགྲན་བདོ། །

 

ཤེས་རབ་ལང་ཚོའི་སྙེ་མ་ཁོང་ན་འཛུམ་པའི་སློབ་དཔོན། །

ཞི་དུལ་སྤྱོད་པའི་སྤྲིན་དཀར་པདྨའི་སྦུབས་ལས་གཙང་ཞིང་། །

ལྷག་བསམ་གསེར་གྱི་ཤིང་རྟས་ཉི་མའི་མདངས་ལ་ཅོ་འདྲི། །

ཕུན་ཚོགས་བྱམས་སེམས་ཆབ་ཀྱིས་ཉམ་ཐག་འགྲོ་ལ་སྦྲན་ཡོད། །

 

བརྩེ་བའི་སྨིན་ཚོམ་གསེབ་ན་དྲན་ཤེས་ཟིལ་བ་ཁྲོམ་མེ། །

བསམ་གཏན་པདྨའི་རྫིང་བུར་ཞི་ལྷག་ཟླ་ཤེལ་ལྷང་ངེ་། །

ཚེམས་དཀར་ཏིང་འཛིན་དྲ་བས་ལོ་ཀའི་ནད་ལ་གཡུལ་འགྱེད། །

རིགས་ཚུལ་ལེའུ་རེ་རེས་ཉེས་གསུམ་གྲོང་ལ་གླགས་ལྟ། །

 

ཕྱོགས་རིས་ལུང་པའི་སུལ་ན་གཡོ་ཟོལ་སྨན་པའི་བྱོལ་པོ། །

ཟང་ཟིང་ཆང་གིས་ར་རོས་མི་སྲོག་ཉ་གས་འགྲེམ་ཚེ། །

རྒྱུ་དྲུག་ཚང་ན་ཉལ་བའི་ཚེ་ཡི་རིག་བྱེད་རྒན་པོ། །

ཉམས་དམས་སྐྱེ་དགུའི་མགོན་དུ་ལྷ་ལས་བབ་པའི་ཕོ་ཉ། །

 

དལ་ཡམས་འཕྲུལ་གྱི་ཀྱོ་བས་བླ་ཡིད་ཐོབ་ཤ་བརྩམ་ཚེ། །

གསལ་མཐོང་རྩ་པྲའི་མེ་ལོང་ཕྱགས་ན་བསྲེལ་བའི་ལྷ་རྗེས། །

ལུས་སེམས་བརླམས་པའི་འགོང་པོ་རྒྱ་མཚོའི་ཕག་ན་བསྲིངས་ཞོར། །

བརྩེ་ཆེན་ག་པུར་ཞུན་མས་ཁོལ་བུའི་ནད་ཅན་དབུགས་དབྱུང་། །

 

ཉེར་སྤྱོད་མཁའ་ཡི་བགྲང་བྱས་ལང་ཚོའི་མྱུ་གུ་སྨིན་ནས། །

སྟོང་དང་ཐུབ་པའི་གྲངས་ཀྱིས་ན་ཚོད་ཡོལ་བར་ཕྱོགས་བར། །

མྱོང་གོམས་བརྟག་བཅོས་རླབས་ཀྱིས་ཚ་གྲང་ནད་ལ་གཟས་ཏེ། །

རིན་མེད་སྨན་སྦྱིན་བགྱི་བས་རྒྱལ་སྲས་རྟུལ་ཞུགས་ལྷུར་ལེན། །

 

བསྡུ་བཞི་མེ་ཏོག་དོག་པ་ལྷག་བསམ་ང་པར་བརྟེན་ཞིང་། །

ངོ་མཚར་བཟང་དྲུག་སྦྱོར་བས་ཟུག་ངུའི་ནད་རིགས་དྲུངས་འབྱིན། །

ཟོལ་མེད་རང་གཤིས་གཙང་མས་མཐོ་དམའ་ཡོངས་ལ་འཕྲེང་མཛད། །

མ་འདྲིས་མཛའ་བོ་དམ་པ་འཚོ་བྱེད་ཀུན་གྱི་མི་རྗེ། །

 

མེས་པོའི་སྲོལ་ལ་དུང་བས་ངན་རྟོག་གཅམ་ཚིག་ཐོས་རུང་། །

འགྱུར་མེད་རང་ཚུགས་བརླིང་པོ་དུས་ཀྱི་མཐར་ཡང་མ་ཉམས། །

མཛད་ཕྲིན་ཕྱག་ལས་སྣ་ཚོགས་ཉིན་བཞིན་མཚོ་ལྟར་འཕེལ་ཡང་། །

དབྱར་དགུན་དུས་ཚིགས་ཀུན་ཏུ་ཐུན་བཞིའི་ཉམས་བཞེས་གཡོ་མེད། །

 

ལོ་ཟླའི་ཡོལ་བས་སྐལ་ཡང་ཁྱོད་ཀྱི་ལྕམ་པའི་རང་གཤིས། །

ཡིད་ཀྱི་ལྟིང་ཀའི་འཇིང་ན་ཟླ་ཞུན་གསལ་བའི་མེ་ལོང་། །

སྐྱོ་ཡུས་སེམས་ཀྱི་བུ་ཆུང་དུང་བའི་མཆི་མས་བརྣང་བཞིན། །

བྱས་བཟོ་ཁུད་ཀྱི་མེ་ཏོག་རིག་བྱེད་དབྱངས་ལ་བརྒྱུས་རིངས། །


  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོ་ལགས། ཁྱེད་ནི་དུངས་བའི་ཆུ་མིག་འབབ་ས་ཡིན།
  • ལེ་ཚན་རྗེས་མ།:འབྲོང་།