ཚངས་དབྱངས་རྒྱ་མཚོ་ལགས། ཁྱེད་ནི་དུངས་བའི་ཆུ་མིག་འབབ་ས་ཡིན།

ཉི་མ་རྡོ་རྗེ།        2018-05-03

རྒྱལ་བའི་མཚན་སྙན་འཛིན་པའི།ཚངས་དབྱངས་རྒྱ་མཚོ་ལགས།

ཁྱེད་རང་འཇིག་རྟེན་མི་ཡུལ་འདིར་བྱོན་པ་ནས།

ཁྱེད་ཀྱིས་མགུར་གླུ་ཤོག་དཀར་ངོས་སུ་ཕབ་པ་ནས།

ཕྱི་རབས་པས་ཁྱེད་ཀྱི་མགུར་དེ་གླུ་རུ་གྱེར་ལ།

བརྩེ་དུང་གི་ཆུ་མིག་ཤག་ཤག་ཏུ་ཕབ།

ཚིག་ཉུང་དོན་འདུས་བརྗོད་བྱ་ལེགས།

མི་རིགས་རང་གི་ཁྱད་ཆོས་ལྡན་པ་འདི་དག་ནི་ཁྱེད་ཀྱི་མགུར་གླུའི་ཁྱད་ཆོས་ཉིད།

གོ་བདེ་བས་ན།

བཅུ་དྲུག་ལང་ཚོ་ཅན་ཚོས་རིག་གནས་ཞན་རུང་ཁ་ནས།

"རང་སེམས་སོང་བའི་མི་དེ།།གཏན་གྱི་འདུན་མར་སོང་ན……"ཞེས་

ཤུབ་ཤུབ་ཏུ་བླངས།

ལོ་རྒྱུས་ཀྱི་རྡོག་ཁྲེས་རྒྱབ་ཏུ་ཁུར་ཅིང་།

སྙན་ཚིག་གི་དབྱངས་རྟ་ངག་ཏུ་གྱེར་བའི་ཚངས་དབྱངས་རྒྱ་མཚོ་ལགས།

ཁྱེད་ནི་སྐབས་དེའི་ཚབ་མཚོན་མི་སྣ་ཞིག་ཡིན་ལ།

ཁྱེད་ཀྱི་མགུར་གླུ་འདིས་ཕྱི་རབས་པ་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད།

ཁྱེད་ཀྱི་མགུར་གླུ་ལས་ཁྱོད་ཀྱི་གཤིས་སྤྱོད་མཇལ་ལ།འདོད་འདུན་མཚོན་ཡོད་པས།

ཁྱེད་ཉིད་རྒྱང་དུ་བཞུད་ཟིན་རུང་།

ངས་ཁྱེད་ཀྱི་དབྱངས་རྟ་ལས་རྙེད་པའི་སྦྲང་ཆར་དེ་སེམས་ཁོང་ལ་

ཟིམ་ཟིམ་དུ་འབབ་བྱུང་།

དེང་གི་དུས་འདིར་སྙན་ངག་བརྒྱ་དང་ཁྲི་མ་འབུམ་ཡོད་ཀྱང་།

ཁྱེད་ཉིད་ཀྱི་མགུར་གླུ་དང་འགྲན་ཐབས་བྲལ།

ཁྱེད་ཀྱི་མགུར་གླུ་འདི་ལ་ལོངས་སྤྱོད་ན།

ཡིད་ཀྱི་དང་བ་དུང་བའི་ཕྱོགས་སུ་འདྲེན་པས།

འགུགས་ཤུགས་དེ་ཅི་ཡིན་ཆ་མ་འཚལ།

ཕལ་ཆེར་སེམས་ཁོང་དབུས་ནས་བརྡོལ་བའི་སྙན་ཚིག་ཡིན་པས་སོ།།

ཚངས་དབྱངས་རྒྱ་མཚོ་ལགས།

ཁྱེད་ཀྱི་མགུར་ཚིག་ནི་ཁུ་བྱུག་སྔོན་མོའི་གྲེ་འགྱུར་དང་འདྲ་བར།

ལྷ་ཤིང་ཤུག་པའི་རྩེ་ནས་གསུང་སྙན་པོས་དབྱར་ཟླ་དྲངས་བ་བཞིན།

མི་ཡུལ་གྱི་མཛེས་སྡུག་མ་ལུས་སེམས་དབུས་སུ་བརྫངས།

ཚངས་དབྱངས་རྒྱ་མཚོ།

དུས་རབས་ཞིག་གི་གླུ་བ།

ཚངས་དབྱངས་རྒྱ་མཚོ།

སྙན་ཚིག་གི་ཆུ་གཏེར།


  • ལེ་ཚན་སྔོན་མ།:ཞོགས་པའི་སྙན་ངག
  • ལེ་ཚན་རྗེས་མ།:བསྟོད་པའི་ཚོམས།