མཚན་གུང་གི་ཁེར་ལབ།

ཕུན་ཁང་རྣམ་རྒྱལ་ཚེ་རིང་།        2018-04-28

ཟླ་འོད་རབ་རིབ་སེམས་ཀྱི་སྒྲོན་མེའི་འོག།

རྣམ་ཤེས་རླུང་བུས་འཁྱེར་བའི་མི་བུ་ང་།།

ཁྲོམ་སྲང་མྱུལ་བའི་ཁྱི་ཡི་དཔེ་བཞིན་དུ།།

གང་འགྲོ་འདི་འགྲོའི་ལམ་ཁ་ངས་མི་རྟོགས།།

 

གུ་དོག་ལམ་བུའི་གྲུ་ཟུར་འདི་རུ་ནས།།

ཆགས་གྲུམ་ཤོར་བའི་གནའ་ཉམས་ཕོ་བྲང་ཞིག།

སུ་ཡི་དོན་དུ་ཁེར་རྐྱང་ལོ་ཟླའི་ཁྲོད།།

ཉིན་མཚན་ཀུན་ཏུ་སྨྲེ་གླུ་དབྱངས་སུ་གྱེར།།

 

ཨ་ཕའི་བརྩེ་བ་རི་རྒྱལ་ལྷུན་པོ་བཞིན།།

ཨ་མའི་དུང་བ་མཐའ་ཡས་རྒྱ་མཚོ་ལྟར།།

རྒྱང་རིང་མི་ཡུལ་ལས་ཀྱི་འགྲོགས་པའི་ང་།།

ཕ་ཡུལ་ཕ་མ་དྲན་པའི་གདུང་བ་ལྕི།།

 

སྐྱུར་རྩིར་འདྲེས་པའི་རྣམ་ཤེས་ཕྲ་མོ་ལ།།

རིག་པས་དབུལ་བའི་གཟུང་ཤུགས་ཁབ་མིག་ཙམ།།

དེང་དུས་འགྲོ་ལ་ཕྱི་ཡི་མཛེས་པ་ལས།།

གསེར་ལས་ལྷག་པའི་རྣམ་དཔྱོད་རི་བོང་རྭ༎

 

དོ་ནུབ་མཚན་གང་ཁོར་ར་ཁོར་ཡུག་ཀུན།།

དབེན་པའི་རི་ཁྲོད་འདྲ་བའི་སྣང་བ་ལགས།།

འཆར་སྒོའི་རྒྱ་རུ་ཚུད་པའི་མི་བུ་ང་།།

སེམས་པའི་ཀློང་དུ་འདས་དོན་རྦ་རླབས་འཕྱུར།།

 

གྲོང་ཁྱེར་འཚོ་བ་སྐྱ་ཟད་སྔོ་ཐུག་ལ།།

ང་ཙམ་མིན་པ་གཞན་ཡང་སྡུག་སྐད་ཤོར།།

དཔོན་ཉམས་ཁེ་ཕན་སྒོར་མོའི་དུས་རབས་འདིར།།

སྡང་བའི་གླེང་བརྗོད་སྨྱུག་རྩེར་ཕབ་པ་དཀོན།།

 

འཁོར་བ་མི་རྟག་གནས་ལུགས་རྟོགས་སླ་ཡང་།།

ང་ཡི་མདུན་ནས་ཟད་པ་ངས་མི་ཚོར།།

གོ་རྟོགས་དམན་པས་འདྲི་རྟགས་མང་པོ་ཞིག།

སེམས་ལ་ཉར་ཡང་སྡུག་བསྔལ་ཁུར་པོ་རང་།།

 

མཚན་མོའི་ནམ་མཁའ་ཇི་འདྲའི་ཁུ་ཡངས་ཀྱང་།།

ང་ལ་དབང་བའི་གནས་ཞིག་ཅི་ནས་འོང་།།

མིག་གི་རིག་པ་སེམས་ལ་འཆར་བ་དག།

སྨྱུག་རྩེའི་ཁ་ནས་བརྡོལ་བར་བདག་མི་ངལ།།


  • ལེ་ཚན་སྔོན་མ།:བསམ་གཞིགས་ཀྱི་ཚོར་བ།
  • ལེ་ཚན་རྗེས་མ།:ཐོན་མིའི་མཛད་པ་དྲན་ཚུལ།