བསམ་གཞིགས་ཀྱི་ཚོར་བ།

རྔ་འོད།        2018-04-26

ལང་ཚོའི་སྒེག་ཉམས་མངོན་པའི་བུ་མོ་དེས།།

བདག་ཡིད་སད་ཀྱིས་བཅོམ་པའི་མེ་ཏོག་ཉིད།།

ཟུར་མིག་མདའ་མོ་འཕང་བའི་གཤོག་རྩལ་གྱིས།།

ཁོ་བོ་ཉིན་མཚན་ཀུན་ཏུ་བསམ་གཞིགས་འཐིམ།།

 

ནག་མོ་ཁོལ་གྱི་འཆར་ཡན་དཔྱིད་ཁའི་ལྗོངས།།

གེ་སར་ལྷ་སྒྲུང་ཞེས་པའི་ཆུ་རྒྱུན་སོགས།།

རབ་རྟོག་རྒྱན་གྱི་གསེར་དངུལ་བདག་ལ་དཀོན།།

ཡིན་ཡང་ཁྱེད་ཉིད་དྲན་པའི་ཚོར་བ་ལྗིད།།

 

ལོ་ཟླས་བསད་པའི་མི་ཚེ་རྫོགས་ཀྱང་ཆོག།

ཁྱེད་ལ་ཁྱེར་བའི་མེ་ལྕེའི་བརྩེ་དུང་དེ།།

བསམ་གཞིགས་ཁྲོད་ཀྱི་ཚོར་བའི་ན་ཟུག་ཡིན།།

ནམ་ཞིག་ཁྱེད་ཀྱིས་བདག་ཡིད་མཁྱེན་པར་གསལ།།

མཛེས་དཔྱོད་ལྟ་བའི་བློ་མིག་ང་ལ་མེད།།

བདེ་སྒྲོན་ཟེར་བའི་གཤིས་འཇམ་བུ་མོ་འདིས།།

ཡིད་སེམས་བརྐུས་ནས་འཇིག་རྟེན་གཞན་ཞིག་སྙེག།

ཕྱིར་ཡོང་མེད་པའི་མི་སེམས་གཙང་མ་ཞིག།

 

ཚུལ་འཆོས་མིན་པའི་དུང་བའི་རུས་པ་དཀར།།

ཡིད་ལ་ལྷུང་བའི་བུ་མོ་ལྷག་བསམ་དཀར།།

སྲིད་པའི་བྱ་གཞག་སྐར་ཚོམ་མང་ཡང་རུང་།།

ཁྱེད་རང་སྒུག་པའི་དུས་ཚོད་སེམས་སུ་བརྩེགས།།

 

མཚན་མོའི་འུག་པར་སྤྲུལ་ནས་བདེ་སྒྲོན་འཚོལ།།

ཞོགས་པར་སྙན་ངག་གསེང་ནས་བདེ་སྒྲོན་བྲིས།།

ནམ་མཁའི་དབྱིངས་སུ་འཕུར་བའི་ལྷ་མོ་ཁྱེད།།

ཁོ་བོའི་གསང་ངག་གྲོལ་བའི་ཕོ་ཉ་ཡིན།།


  • ལེ་ཚན་སྔོན་མ།:མཐོ་སྒང་འདེགས་པའི་ཀ་བ།
  • ལེ་ཚན་རྗེས་མ།: མཚན་གུང་གི་ཁེར་ལབ།