མཐོ་སྒང་འདེགས་པའི་ཀ་བ།

སེང་བུ་གཡུ་སྨྱུག        2018-04-25

ཉེར་གཅིག་དུས་རབས་གོམ་སྒྲ་སྒྲོག་པའི་ལམ། །

མདུན་སྐྱོད་ཡར་རྒྱས་འགྲོ་བའི་ཐེམ་སྐས་ཏེ། །

ཚན་རིག་རོལ་དབྱངས་དཀྲོལ་བའི་ང་རོ་ནས། །

རིགས་ཀུན་གཉིད་ལས་བསླངས་བའི་རང་དཀྲོལ་བ། །

 

ཕྱི་དངོས་འགྲན་རྩོད་དབྱར་གྱི་ཚ་ཞགས་བཞིན། །

ནང་སེམས་སྲུང་བའི་ཆར་འཇམ་ཟིལ་མ་སྟེ། །

ཕན་བདེ་ཆོས་རིག་འདུད་རྩི་ཆུ་འཛིན་ལགས། །

རིགས་ཀུན་ཚ་གདུག་འཇོམས་པའི་མཁའ་ལ་རྒྱུ། །

 

སྣ་ཚོགས་མི་རིགས་སྐད་ལུགས་ཁྱབ་ཆེ་ལ། །

འཇིག་རྟེན་ཅ་དངོས་རིགས་ལ་འགྱུར་ཆེ་བའི། །

སྐད་རིགས་འདྲ་མིན་འཕྲང་ལམ་མུན་པ་ཐིབ། །

ཐ་སྙད་འགྲོ་ལམ་གསལ་བའི་ཕྱོགས་སྟོན་པ། །

 

མི་སེམས་སྒོར་མོའི་རླབས་ཀྱི་ཕྱོགས་ཁྱེར་ནས། །

ནང་དམེ་ར་ཁྱི་ཟས་ལ་རྩོད་བྱེད་པར། །

ཐབས་བརྒྱ་ཇུས་སྟོང་བསླབ་བྱ་གནང་བཞིན་དུ། །

མཐུན་སྒྲིལ་ཟམ་པ་འཛུགས་པའི་ལས་བཟོ་བ། །

 

བསླབ་གསུམ་ཚུལ་ཁྲིམས་གཙང་མ་རི་བོ་བཞིན། །

བློ་གྲོས་རིགས་ཞེན་ལྷག་བསམ་སཱ་ལ་ཤིང་། །

གནའ་དེང་རིག་པ་ཀུན་ལ་ཐོགས་མེད་པ། །

གངས་ལྗོངས་མཁས་པའི་དབང་པོ་སྙིང་ནས་དུད། །


  • ལེ་ཚན་སྔོན་མ།:སྤྲང་མགུར།
  • ལེ་ཚན་རྗེས་མ།:བསམ་གཞིགས་ཀྱི་ཚོར་བ།