སྤྲང་མགུར།

གངས་གཡག་དཔལ་ལྷུན།        2018-04-25

དཔལ་ཡོན་ཏན་ཀུན་ལྡན་འཇམ་དབྱངས་དང་། །

རྒྱུ་ནོར་གྱིས་ཡོངས་གཏམས་རྣམ་ཐོས་སྲས། །

མཆོག་དངོས་གྲུབ་ཀུན་འདུས་སངས་རྒྱས་ལ། །

ཞབས་ཐོད་པས་གཏུག་གིན་ཕྱག་འཚལ་ལོ། །

 

ང་སྤྲང་པོ་མདོ་མེད་ཡུལ་གྱར་བ། །

ཚེ་སྔོན་མའི་ལས་ཚོགས་བསོད་ནམས་དམན། །

ལས་དབང་ཐང་གཉིས་ཀྱི་འདམས་ཀའི་འོག །

ལག་རྒྱུག་ཐང་འཁྱེར་དགོས་ཡ་རེ་ང་། །

 

ལག་གཡས་སུ་འཁུར་བའི་ཕོར་ཆག་འདི། །

དྲིན་མེས་པོས་གནང་བའི་གཡང་ཕོར་ཡིན། །

ཚོགས་བསོད་ནགས་དངོས་གྲུབ་འདི་རུ་ཤོག །

ལས་དབང་ཐང་མ་ལུས་འདི་རུ་ཕེབས། །

 

རྒྱུ་ཙནྡན་ལས་གྲུབ་གཡང་ཕོར་ནང་། །

ཡར་དཀོན་མཆོག་ཕུར་རྒྱུའི་ཞལ་ཟས་ཤོག །

མར་ངན་སློང་སྟེར་རྒྱུའི་ནོར་རྫས་ཤོག །

སྒོས་རང་ལ་མཁོ་བའི་དཀོར་བགངས་ཤོག །

 

ལག་གཡོན་དུ་འཁུར་བའི་རྒྱུག་ཐུང་འདི། །

བདག་རྐང་འགྲོས་མ་ཚུགས་གཏན་བསྐྱོར་མིན། །

ཁོང་ཕ་མེས་རིང་ནས་བཞག་པ་ཡི། །

ཁྱད་ཉམས་མྱོང་འཛོམས་པའི་གཡང་རྒྱུག་ཡིན། །

 

ལམ་བགྲོད་པར་དཀའ་དུས་འགྲོ་རོགས་ཡིན། །

ཁྱི་གཅན་གཟན་འཕྲད་དུས་རང་སྲུང་ཡིན། །

མི་དགྲ་ཡ་ཐུག་དུས་ལག་ཆ་ཡིན། །

གནས་གང་དུ་སོང་ཡང་མཉམ་འགྲོགས་ཡིན། །

 

ང་སྤྲང་པོ་གང་འགྲོ་རང་འདོད་ཡིན། །

ལྷོ་མོན་གྱི་ཟོག་རིགས་བྱང་འདྲེན་ཡིན། །

བྱང་ཧོར་ཚྭ་ལྷོ་ལ་འདྲེན་མི་ཡིན། །

ཡུལ་མདོ་སྦུག་ཀུན་ལ་འགྲོ་ནི་མྱོང་། །

 

ནམ་ཉི་ཤར་སྔ་ཆར་ཇ་མངར་རོལ། །

ཁོག་སྙིང་རྩའི་སྦུབས་ལ་དྲི་ཞིམ་འཐུལ། །

དགུང་ཉི་མའི་ཐིང་ལ་སྲུབས་ཇར་གཡེང་། །

མགོ་ཀླད་ཁམས་ཡོངས་ལ་ཕན་ཅིག་འདགས། །

 

ང་སྤྲང་པོ་ཆང་འཐུང་རོལ་རྩེད་དགའ། །

ཆང་འཐུང་ཞིང་འཐུང་ཞིང་ཇེ་ཞིམ་རེད། །

ཤོ་པ་ར་བརྒྱབ་ན་གླུ་རེ་ལེན། །

སྦག་ཅིན་གསུམ་ལངས་ན་བྲོ་རེ་འཁྲབ།།

 

ང་སྤྲང་པོ་གང་དྲན་རྩོམ་འབྲིར་དགའ། །

རྩོམ་འབྲི་བཞིན་འབྲི་བཞིན་ཇེ་སྙན་རེད། །

རྩོམ་འབྲི་འགོ་ཚུགས་ན་མཚམས་འཇོག་དཀའ། །

དེང་ཚགས་དེབ་སྟེང་ན་གསལ་ལེ་རེད། །

 

ང་སྤྲང་པོ་ཡུལ་ལུང་མྱུལ་རྒྱུར་དགའ། །

ཡུལ་ལྗོངས་རྒྱུར་ཕྱིན་ན་ཟླ་འགའ་ཤས། །

གནས་བསྐོར་ལེ་ཟེར་ན་ཆོས་སྐོར་གསུམ། །

སྦྱིན་རླབས་པོ་ཆེ་ལ་རླུང་རྟ་འཕེལ། །


  • ལེ་ཚན་སྔོན་མ།:གྲོགས་པོ།
  • ལེ་ཚན་རྗེས་མ།:མཐོ་སྒང་འདེགས་པའི་ཀ་བ།