གྲོགས་པོ།

རལ་གྲི་སྒང་སྤེན་རྒྱལ།        2018-04-25

སྔོན་ལེགས་བྱས་བསོད་ནམས་བཟང་པོའི་མཐུས། །

ཚེ་འདི་ལ་བློ་མོས་གཅིག་ཕྱོགས་པའི། །

གྲོགས་བཟང་པོ་ཁྲག་རྒྱུན་མི་གཅིག་ཀྱང་། །

སེམས་བརྩེ་བ་ཉེ་དུ་ལས་ཀྱང་ལྷག །

 

སྤྱིར་རང་གཤིས་མཐུན་པའི་ཕྱོགས་དང་གཅིག །

སྒོས་ལྟ་བ་མོལ་བའི་གཏམ་དང་གཉིས། །

ཡང་ཞིག་ན་དགའ་ཕྱོགས་མཐུན་པས་གསུམ། །

རྐྱེན་དུ་མས་མཉམ་དུ་གཤིབ་སྐལ་བྱུང་། །

 

དུས་བྲལ་མེད་རང་གི་གྲིབ་མར་ཡང་། །

བློ་ཡིད་ཆེས་བྲལ་བའི་དེང་གི་དུས། །

གྲོགས་བཟང་པོ་བྱམས་ལྡན་ཕ་མ་བཞིན། །

ནམ་ཡིན་ཡང་བློ་གཏད་བྲག་ལྟར་བཅོལ། །

 

གདོན་ཕྲག་དོག་གིས་བརླམས་གཞན་དབང་དང་། །

བགེགས་བར་ཆད་ངན་པས་རེ་ཞིག་ན། །

སྡུག་དོང་རྙི་ཟབ་མོར་ལྷུང་བའི་དུས། །

གྲོགས་བཟང་པོའི་སྙིང་གཏམ་རྒྱུན་མི་ཆད། །

 

ལྷན་ཅིག་ཏུ་མཉམ་འཛོམས་བྱུང་བའི་དུས། །

རོ་ཤིན་ཏུ་མངར་བའི་སྦྲང་རྩི་བཞིན། །

ཚིག་འཇམ་སྙན་སྨྲ་བར་མི་བྱེད་ཀྱང་། །

ཡིད་ཚིམས་པའི་རྣམ་འགྱུར་གཏིང་ནས་འདོན། །

 

དུས་བགྲང་བྱ་ཇི་ཙམ་གཤིབས་ན་ཡང་ །།

བློ་འགྱུར་མེད་དཔེར་ན་ཆུ་བཞིན་ཏེ། །

ཡུན་ཇི་ཙམ་བསྐོལ་བར་བྱས་ན་ཡང་། །

ཚ་སྲེག་པའི་མེ་རུ་མི་འགྱུར་འདྲ། །

 

གང་འགྲོགས་པའི་གནས་སྐབས་མཐའ་དག་ཏུ། །

དྲུང་གུས་པའི་ཚིག་འཇམ་མི་སྨྲ་ཞིང་།

རྒྱབ་ཕྱོགས་ཚེ་འདུ་ཤེས་ལྷོད་གྱུར་པའི། །

ངག་སྦྱོར་བ་རྩུབ་པོ་གཏན་ནས་སྤངས། །

 

རྒྱུ་ལོངས་སྤྱོད་ཀླུ་དང་མཉམ་ཡང་རུང་། །

ཡང་རྒུད་དེ་སྤྲང་ལ་འཁྱར་ཡང་རུང་། །

བློ་འགྱུར་མེད་དཔུང་པ་བརྟན་པོ་ཡིས། །

སྙིང་བརྩེ་བ་མ་འཇགས་གྲོགས་པོ་ཉིད། །

 

མཐོ་རི་བོས་མཐོང་ལམ་བཀག་ཀྱང་རུང་། །

དྲག་གཙང་པོས་བགྲོད་ལམ་བཅད་ཀྱང་རུང་། །

གྲོགས་བཟང་པོའི་དོན་ཟབ་འབེལ་གཏམ་སྨན། །

ཡིད་འཇགས་མེད་གཏན་དུ་དྲན་པར་ངེས། །

 

མདོར་བསྡུས་ན་སྔོ་བསངས་ལྷ་ལམ་ངོས། །

དཀར་ལྷམ་ལྷམ་རྒྱུ་སྐར་གྲངས་མེད་ཀྱང་། །

སེམས་བསམ་པའི་སྟེང་གི་གྲོགས་པོ་ནི། །

བཀྲག་ཆེ་བའི་ཆུ་ཤེལ་ཁྱོད་གཅིག་སྣང་།


  • ལེ་ཚན་སྔོན་མ།:ཨ་མ་རྒན་མོ།
  • ལེ་ཚན་རྗེས་མ།:སྤྲང་མགུར།