ཐོན་མིའི་མཛད་པ་དྲན་ཚུལ།

ལྷོ་གངས་ཞེན།        2018-05-03

གངས་ཅན་ཡུལ་གྱི་གཙུག་གཏོར་ན།།

སློབ་དཔོན་ཐོན་མིའི་བློ་རིག་གིས།།

གཞལ་མེད་རིན་ཆེན་ནོར་བུས་རྒྱན།།

དབྱངས་གསལ་སོ་བཞིའི་གཟི་བྱིན་འཕྲོ།།

 

གང་ཉིད་བོད་ཁམས་རིག་གཞུང་ཆེད།།

དབྱངས་གསལ་སོ་བཞིའི་མྱུ་གུ་འབུས།།

སྙན་འཇིབས་དབྱངས་རྟའི་བདུད་བརྩི་ལས།།

གངས་ཅན་རིག་གཞུང་འཕེལ་ཞིང་རྒྱས།།

 

སྔོན་བྱོན་མཁས་འཕགས་ལོ་ཙཱའི་ཚོགས།།

རྐང་དྲུག་སྦྲང་རྩིས་མྱོས་པ་བཞིན།།

འཕགས་ཡུལ་གདན་སའི་གླེགས་བམ་རྣམས།།

དབྱངས་གསལ་སོ་བཞིའི་ཟླ་བོར་འདྲེན།།

 

སྐར་ཚོགས་ས་གཞིར་འཕོས་འདྲ་བའི།།

གཏིང་ཟབ་བརྡ་སྤྲོད་རིག་པའི་གཞུང།།

ལས་ཀྱི་དབང་པོའི་འོད་མདངས་བཞིན།།

དབྱངས་གསལ་སོ་བཞི་ཕྱོགས་བཅུར་ཁྱབ།།

 

གང་ཉིད་དབྱངས་གསལ་མཛད་པ་ལས།།

གངས་ཅན་རིག་པའི་རྒྱ་མཚོ་འཁྱིལ།།

སྣེ་མང་རིག་པའི་སྐྱེ་ཚལ་འདི།།

དབྱངས་གསལ་སོ་བཞིའི་འོད་ལས་བྱུང་།།

 

མཁས་མཛངས་ཐོན་མི་རླབས་པོ་ཆེ།།

མཛད་པའི་མེ་ཏོག་དགུང་དུ་གཏོར།།

དབྱངས་གསལ་སོ་བཞིའི་འོད་མདངས་ལ།།

བསྟོད་པའི་མེ་ཏོག་དགུང་དུ་གཏོར།།


  • ལེ་ཚན་སྔོན་མ།: མཚན་གུང་གི་ཁེར་ལབ།
  • ལེ་ཚན་རྗེས་མ།:ཞོགས་པའི་སྙན་ངག