མིག་གསུམ་པ། 2018-04-12
སྲིད་པའི་འདུ་འཛི་ཡིས་ངེས་འབྱུང་བསྲུབས་ཏེ། །
གཏན་བདེ་བླ་མེད་ཀྱི་གོ་འཕང་མྱུལ་ཞིང་། །
རྣམ་དག་དད་འདུན་གྱི་ཡིད་ཁ་འཇོ་བའི། །
རིགས་ཀྱི་སྤུན་ཟླ་ཀྱེ་ཕྱག་མཐིལ་ཟེད་ཅིག །
ཟག་མེད་བདེ་ཆེན་གྱི་སོན་བཟང་སྙིམ་གང་། །
གང་གི་ཐུགས་རྗེ་ཡིས་བྱིན་གྱིས་རླབས་ཡོང་། །
ཨེ་མ་སྐལ་ལྡན་གྱི་ཐོབ་སྐལ་སྙིང་པོ། །
བྱང་ཆུབ་སེམས་མཆོག་གི་རུམ་དུ་བསྙལ་ཏེ། །
གུས་སྦྱོར་རྟག་སྦྱོར་གྱིས་གྲོགས་སུ་བསྡོངས་ན། །
གཡུར་ཟའི་འབྲས་བུ་སྟེ་མཉམ་ཉིད་ཟབ་མོ། །
སྨིན་པའི་རྟེན་འབྲེལ་ཡང་ངང་གིས་འགྲིག་ཡོང་། །
རྨོངས་པའི་གདུང་བ་ལས་རིང་དུ་བྱོལ་ཏེ། །
ཤེས་བྱ་རྒྱ་མཚོ་ཡིས་ངོམས་པ་མེད་པའི། །
བློ་གསལ་དོན་གཉེར་ཅན་རིགས་ཀྱི་ཨོ་ལོ། །
ཀུན་སློང་གཙང་མ་ཡིས་སྙིམ་པ་ཐེགས་ཤིག །
རིག་མཛོད་དགང་ངེས་ཀྱི་སོན་དཀར་སྙིམ་གང་། །
ཡོངས་འཛིན་དམ་པ་ཡིས་ཕངས་མེད་བསྩལ་ཡོང་། །
ཨེ་མ་བློ་ལྡན་གྱི་ཐོས་བསམ་ལམ་རིམ། །
ཐབས་ཤེས་འགྲོས་བཟང་གི་ཅང་ཤེས་བཅིབས་ཏེ། །
ལྷོད་མེད་མདུན་བསྐྱོད་ངང་ལྕག་གིས་བསྐུལ་ན། །
ཡངས་པའི་གནས་བཅུ་ཡི་ཕ་མཐའ་བཅལ་ཏེ། །
འཇིག་རྟེན་འོད་སྣང་གིས་སྒོ་འཕར་ཕྱེ་ཆོག །
རྗེས་ལུས་བག་འཁུམས་ཀྱི་བྲན་གཤིས་དོར་ཏེ། །
ཚུལ་མཐུན་འགྲོ་བ་ཡི་དཔལ་ཡོན་སྒོམ་པའི། །
རང་དགར་མི་ཚུགས་པའི་གངས་ཕྲུག་གཞོན་ནུ། །
ཆོད་སེམས་བརྟན་པོ་ཡིས་ལག་ཟུང་རྐྱོངས་ཤིག །
ལས་ཀྱི་བགོ་སྐལ་དུ་སོན་བཟང་སྙིམ་གང་། །
བདེན་པའི་ནམ་མཁའ་ནས་ཆར་ལྟར་འབབ་ཡོང་། །
ཨེ་མ་མཛངས་ལྡན་གྱི་འཕྲིན་ལས་རེ་རེར། །
ཚུལ་མཐུན་བག་ཕེབས་ཀྱི་གོ་ཆ་བགོས་ཏེ། །
སྙིགས་འདོར་བཅུད་ལེན་གྱི་བཀོད་པ་བདུངས་ན། །
སྲིན་པོ་གདོང་དམར་ཡང་རྐང་གཉིས་བཙུགས་ཏེ། །
ལྷན་སྐྱེས་གཉུག་གཤིས་ལ་མཉམ་རོལ་བྱས་ཆོག །
རྩོམ་གསར། 10