སེམས་པས་འཇལ་བའི་ཁྱོར་བ།

འདྲུ་བཀྲ་ཤིས་རྒྱལ།        2018-04-12

ནམ་དུས་དེ་ནི་སྟོན་ཐོག་ཅིག་ན་ཡིན་ཡང་སྲིད། །

ལག་པ་དེ་དག་སྣང་མེད་ངང་དུ་བརྐྱངས་ཀྱང་ངེས། །

འོན་ཏེ་བདག་གི་ཡིད་ཁར་དུངས་བའི་རྒྱ་མཚོ་འཁྱིལ། །

 

ལྟ་སྟངས་ཤིག་ལ་པད་མ་གཅིག་ནི་འདབ་བརྒྱ་གྲོལ། །

ཟེའུ་འབྲུ་ཡང་ནི་རབ་ཏུ་སྨིན་པར་རྣམ་པར་འཁྲུལ། །

ལྷག་ཏུ་བུང་བ་ཞིག་ནི་ལྡིང་ན་ཅིས་མ་རུང་། །

 

དཀའ་སྡུག་རྣམ་པར་སྤྱོད་པའི་མི་གཤིས་གཉོམ་ཆུང་ཁྱུས།།

གཞན་གྱི་འདོད་པ་འཇོ་བ་དེ་ཀོས་བདག་སེམས་བསླུས། །

དེ་ནི་དུས་མཐའི་བྱང་སེམས་ཁྱུ་ཞིག་ཡིན་ཡང་སྲིད། །

 

ཁྱོར་བ་དཀར་ནག་འཚོ་བའི་ངོས་ཀྱི་རྣམ་པ་སྟེ། །

དབུལ་ཕྱུག་བར་གྱི་བརྩོན་པའི་སྙིང་སྟོབས་མཚོན་བྱེད་ཙམ། །

དེ་ལྟར་མིན་ན་སེམས་ལ་སྣང་བའི་རི་མོ་ཞིག །

 

ཡིད་ཁམས་རྣམ་པར་སྦྲིད་པའི་ཁྱོར་བ་སྣུམ་ཞག་ཅན། །

སེམས་ཀྱི་ངོས་དང་རུས་པའི་གཏིང་དུ་རུམ་གྱུར་ཏེ། །

མདུན་མའི་མི་ཚེ་འདི་ལ་བརྒྱན་གྱི་ཚུལ་དུ་ཉར། །

 

འཚོ་གཞིས་མིག་ལ་མཛའ་དེར་སྨོན་པ་ཁྲི་ཚོ་བཏབ། །

སྨོན་པས་སླར་ཡང་ཁྱོར་བས་བཟུང་བའི་ངོས་ལྐོག་འཇལ།།

དེ་ལྟར་ན་ཡང་འདབ་ལྡན་པདྨ་ལྷང་ངེར་དྲན། །

 

རི་གྲོང་ཁུགས་པའི་ཁྱིམ་གཞིས་ཤིག་ཏུ་འཚོ་ངེས་པའི། །

བདག་གི་སེམས་པ་མགུ་བའི་སོ་ནམ་ཞིང་པ་དེས། །

ཁྱོར་བ་གནམ་ལ་བཏེགས་ཏེ་ཆོག་ཤེས་བདེ་བ་འཚོལ། །


  • ལེ་ཚན་སྔོན་མ།:སོན་བཟང་སྙིམ་པ་གང་།
  • ལེ་ཚན་རྗེས་མ།:ལག་པ།