ཉི་ཚེ། 2018-04-10
ཞོགས་པ་དེར།
ཁྱེད་ཀྱིས་སུ་ཞིག་གི་དོན་དང་།
གང་ཞིག་གི་ཆེད་དུ།
བྱ་གླག་གི་སྙིང་རྩ་བསྒུལ་བ་ཡིན་ལགས།
དབྱིག་འཛིན་མས་བྱང་ལྭ་མ་ཕུད་གོང་།
ཁྱེད་ཀྱིས་རྟ་བདུན་དབང་བོའི་དབུ་ཞྭ་མནབས་ཏེ།
སུ་ཚང་ལ་མག་པར་འགྲོ་རྩིས་ཡིན།
སྲིད་པའི་ས་སྒང་འདིའི་རྒལ་གཞུང་ལ་བབས་ནས།
རི་བོ་ཧི་མ་ལ་ཡི་ཕྲག་པར་ཁེན་ཏེ།
ཡར་ཀླུང་གཙང་པོའི་བཞུར་རྒྱུན་ལ་ཉོན་བཞིན།
ཆུ་འཛིན་སྟུག་པོའི་སྐེད་འཆང་བཅངས་ཏེ།
མགོན་པོ་སུ་ཞིག་གི་སྐུ་མགྲོན་ལ་འགྲོ་བ་ཡིན།
མཛའ་བཤེས་ཅི་ཙམ་ཞིག་གི་ངག་བཅོལ་ཁྱེར་ཏེ་འགྲོ་ནི་ཡིན།
ད་དུང་། དུས་རབས་གསར་བའི་མི་རབས་གསར་བ་ཁྱུ་གཅིག་ཁྲིད་ནས།
ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་པ་མེད་པའི་དཔའ་ངར་བསྐྱེད།
འབྱུང་བཞིའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྡུ་གསོག་བརྒྱབ་སྟེ།
ཞག་ལ་ཟླ་མཐུད།
ཟླ་ལ་ལོ་མཐུད།
མཐོན་པོ་གནམ་དང་།
དམའ་མོ་གཤོང་།
ཁ་བ་བུ་ཡུག་གི་ལམ་འགེག་བཅད་ནས།
གོམ་ཆེན་རིང་པོ་ཞིག་མདུན་ཏུ་སྤོས་བཞིན་པ་ང་ཚོས་ལོས་ཤེས།
ཡིན་ན་ཡང་།
ཁྱེད་ཀྱི་ཤ་གསེང་རུས་གསེང་དུ་འཐིམ་པའི་ལོ་རྒྱུས་མཐའ་དག
ད་དུང་དེ་ལྟར་ལགས།
གྱེན་དུ་འཕྱོ་བའི་ཚན་རིག་གི་ཚ་རླབས་འཕྱུར་ཀྱང་།
ཕྱི་ནང་གཅོད་པའི་ཤེས་རབ་ཀྱི་རལ་གྲི་འཕྱར་ཡང་།
ཁྱེད་ཀྱི་ཤུན་ལྐོག་ཏུ་གྱུར་བའི་ནང་བློ་སྒམ་པོ་རྟོགས་པར་དཀའ།
ཁྱེད་ཀྱི་འགྱུར་མེད་སྲ་བརྟན་གྱི་རང་གཤིས་རྒོད་པོ་དེ།
དུས་རབས་བདུན་པའི་དུས་ཀྱི་སྐབས་ཤིག་ནས།
སྲོང་བཙན་སྒམ་པོས་བསླབས་ནས་གོམས་པ་ཨེ་ཡིན་ལགས།
ཡང་ན་རྒྱ་བཟའི་མིག་མདངས་མངར་མོས་ལྷུས་དེ་བསྐྱངས་པ་ཨེ་ཡིན་ལགས།
མདོར་ན། འདི་ནི་སྤྱིར་བཏང་གི་རང་གཤིས་དཀྱུས་མ་ཞིག་མ་ཡིན་ཏེ།
མེས་པོ་གོང་མའི་རུས་རྐང་གི་དབྱངས་རྟ་རིང་མོ་ཞིག
ཡུལ་ཡར་ཀླུང་ཁོག་ནས་ཆད་མ་མྱོང་བའི་རུས་རྒྱུད་བཙན་པོ་ཞིག
རྩོམ་གསར། 10