སྣང་བར་ཨུ་ཚུགས་ཀྱིས་སྦྱར་བའི་འབྲོག་མོ།

ཉི་ཚེ།        2018-04-10

ཨ་མ་མཛངས་མའི་མངལ་ལམ་དཀྲུགས་ཉིན་ནས།།

སྲིད་པའི་འཇིག་རྟེན་མིག་གིས་འཐུང་ཙ་ན།།

ངུ་ངག་དབྱངས་རྟས་སྲིད་གསུམ་བསྒུལ་རབས་ཡོད།།

ལ་ལའི་ཡིད་ལ་ཆགས་སྲེད་བསླངས་བར་བཤད།།

ཨམ་མཚེ་གོམ་མཚེས་རྩེད་རྡོ་སྒྲིག་ཤེས་དུས།།

གདོང་གི་པད་མོ་ལྷུག་པར་གྲོལ་ལུགས་ཡག།

འབྲོག་ཐང་འདི་ཡི་ལྷ་མོར་འབོད་སྲོལ་ཡོད།།

རྩྭ་ཐང་གན་གྱི་མེ་ཏོག་ཡིན་ཞེས་ལབ།།

བཅུ་དྲུག་ལང་ཚོ་སྨིན་པའི་ན་མཉམ་གྲས།།

སྐྱེས་གཟུགས་མཛེས་ལ་གཅེས་བའི་རྣམ་རིག་བཀྲ།

གཡུ་ཡི་རྣ་ཐོག་སྙན་ལ་འདོགས་པ་དང་།།

འཚོ་བའི་བལ་ཁ་འཇམ་པོས་ཡིད་དབང་འགུག།

གཡང་མོ་ལུག་གི་རྗེས་ནས་ནར་སོན་ཞིང་།།

དབྱར་གྱི་འཇའ་དང་སྤྲིན་གྱི་མེ་ཏོག་ཁྲོད།།

ལྷམ་ཆུང་ཕུད་དེ་རྐང་རྗེན་རྩྭ་འཇམ་སྟེང་།།

ལྷོད་ཀྱིས་འགྲོ་ལ་ཚོར་བ་བག་གིས་མྱོང་།།

ཆུ་མོའི་གཞུང་ནས་མེ་ཏོག་འཐུ་བར་གོམ།།

ལན་བུ་བསླས་ཏེ་མེ་ཏོག་རྒྱན་ལ་འཛེར།།

ཆུ་ནང་གཟུགས་བརྙན་ལྟ་བར་དགའ་ཚོར་ཆེ།།

མིག་མདངས་ཡོལ་ཙམ་སྐྱེ་བོ་འདོད་པས་བཟི།།

རང་ཡུལ་ལུང་པའི་མཆེད་ཀྱིས་སྨོན་པ་འཆོར།།

མཆུ་ཏོ་པད་འདབ་གཡོ་བར་བརྩེ་བ་ལྡང་།།

ཁ་དྲི་ཞིམ་པོའི་ཟིལ་གྱིས་མྱོས་པར་འགྱུར།།

ཡིད་ཀྱི་རྟ་ཕོ་མཐུར་གྱིས་མི་ཐུབ་ཤོར་འགྲོ་ཟེར།།


  • ལེ་ཚན་སྔོན་མ།:ལས་ཀྱི་བུ་ལོན་ཨེ་རེད།
  • ལེ་ཚན་རྗེས་མ།:ཇོ་མོ་གླང་མ།