ལིང་ཆུ་སྡེ་བཞིར།

རིན་ཆེན་བློ་གྲོས།        2018-03-26

དྲན་པའི་རླུང་ལ་བཞོན་ཏེ།

ཁྱེད་ཀྱི་གམ་དུ་ཉེ་བར་བཅར་དུས།

ལོ་ཟླའི་མངའ་ཐང་ན་བཞུར་བའི་གཏམ་རྒྱུད་དག

འོད་སྣང་ལ་རེ་བའི་མུན་པ་ཇི་བཞིན།

དུས་ཚིགས་ཀྱི་ཆུ་བོ་ག་ཙམ་བརྒལ་མྱོང་།


ལོ་རྒྱུས་ཀྱི་ཤོག་ལྷེ་ཞིག་ཁ་ཕྱེ་ཙ་ན།

དཀར་ནག་ལ་འཐབ་པའི་ཧོར་ཆེན་པོའི་དུས།

ཀུན་དགའ་རྒྱལ་མཚན་ཞེས་པའི་སྐྱེས་བུ་ཞིག

སྐྱེ་འགྲོ་མང་པོའི་བདེ་སྡུག་ལ་དགོངས་ཤིང་།

གོ་དན་གྱི་སྲིད་དབང་འགུལ་བའི་ནམ་མཁའ་རུ།

རིག་པའི་གཤོག་ཟུང་ཐོགས་ཏེ་བྱོན་མྱོང་།


ལོ་ཟླའི་གཙང་པོ་དུ་མ་བརྒལ་རྗེས།

ཉི་ཟླའི་འོད་མདངས་ཅུང་ཙམ་ཡལ་དུས།

ཤུལ་དུ་ལུས་པའི་གྱང་གོག

རུས་པའི་གཏིང་ལ་ཟུག་པའི་ཚེར་མ།

རབ་རིབ་ཏུ་གྱུར་བའི་གཏམ་རྒྱུད།

བཟོད་མི་ཐུབ་པའི་སྙིང་གི་འཕར་ལྡིང་།


ལོ་ཟླ་དང་བསམ་གཞིག་ཁྲོད་ནས།

ག་ལེ་ག་ལེར་འཇིག་པའི་གཏམ་རྒྱུད་དག

བཅོས་དཀའ་བའི་ན་ཚ་ཞིག་གིས་དྲག་ཏུ་མནན་ཞིང་།

ཟོལ་དུ་བྱས་པའི་རྣམ་ཤེས་ཕྲ་མོས།

ཁྱེད་ལ་མཐའ་མའི་སྐྱེལ་མ་བྱས་ཡོད།


  • ལེ་ཚན་སྔོན་མ།:སེམས་ཀྱི་ཁུ་བྱུག་སྔོན་མོ།
  • ལེ་ཚན་རྗེས་མ།:རྡོ་ཡི་བུ་མོ།