སེམས་ཀྱི་ཁུ་བྱུག་སྔོན་མོ།

སྟག་རིག་འབྲུག་ཐར།        2018-03-26

ཀན་ལྷོ་གཡང་ལྡན་ཕྱུག་མོའི་གནས་མཆོག་གི།

རྨ་ཆུའི་ཁུགས་སོ་དང་པོ་འབོད་པའི་སྡེར།།

ཁྲོ་ཁོ་བདུད་འདུལ་རྡོ་རྗེ་དབྱངས་ཅན་བུ།།

ཁ་བ་བོད་པའི་བགོ་སྐལ་སྨིན་འདི་མཚར།།


རྒྱུད་དྲུག་པི་ཝང་གྲོགས་ཀྱི་རྟེན་ཕུར་མཛད།།

གངས་རི་རྩྭ་ཐང་ཚིག་གི་སྲད་བུར་བརྒྱུས།།

ཁུ་བྱུག་གྲེ་འགྱུར་དབྱངས་ཀྱི་གདངས་མཆོད་པས།།

གངས་ལྗོངས་ཁུ་བྱུག་སྔོན་མོའི་སྙན་པ་འབར།།


ཚངས་དབྱངས་ལྷ་མོའི་མགྲིན་ངག་རང་བྱུང་གཅིག།

དྲི་ཟའི་བུ་མོའི་དབྱངས་ཀྱི་འགྱུར་ཁུགས་གཉིས།།

ཁུ་བྱུག་སྔོན་མོའི་བརྩེ་བའི་གསེར་སྐུད་གསུམ།།

དབྱངས་ཀྱི་རྒྱལ་སྲས་བདུད་བྷེའི་འཛོམས་གསུམ་མོ།།


སོར་མོས་ཡང་རྩལ་པི་ཝང་དཀྲོལ་ལུགས་གཅིག།

དབྱངས་ཀྱི་ཚིགས་མལ་འབྲུ་ཡིས་སྦྱོར་སྟངས་གཉིས།།

གླིང་བུ་ཕྲ་མོའི་སྐད་ངག་འབྱིན་ལུགས་གསུམ།།

ས་ཆེན་སྒུལ་བྱེད་གླུ་སྐད་དྭངས་མོ་ཉིད།།


མ་བཅོས་མགྲིན་ལས་བརྡོལ་བའི་སྐད་ངག་མཐུས།།

སྟག་ཤར་གཞོན་ནུའི་སྤོབས་པའི་གད་རྒྱངས་བསླངས།།

སྨན་ཤར་བུ་མོའི་དུངས་བརྩེའི་ཟིལ་བ་སྒུལ།།

གྲྭ་བཙུན་སེར་མོའི་ལ་རྒྱའི་རྒྱལ་མཚན་སྤྲུགས།།


སྒྲོ་ཡག་རྨ་བྱ་བྱ་བརྒྱའི་ཏོག་ཡིན་ཡང་།།

འཇོལ་མོའི་གླུ་སྐད་ཡིད་ཀྱི་གསོས་ཡིན་ཡང་།།

དམིགས་ཀྱི་གཏད་སོ་མི་འགྱུར་ཞེན་པའི་མདངས།།

མཐོ་སྒང་བོད་པའི་སེམས་ཀྱི་ཁུ་བྱུག་ཁྱེད།།


སྙིང་ཆུང་གས་ཁ་ཤོར་འདྲའི་གཏམ་ངན་ཞིག།

ཐོལ་བྱུང་འཕྲིན་ཕྲན་མྱུར་མོའི་ཡི་གེའི་གཟུགས།།

གཅིག་འཕྲོར་གཅིག་ཏུ་སྤུངས་པའི་དངན་པའི་སྒྲས།

དགུན་ལྗོངས་སྐྱ་བོའི་ལྗོན་ཚལ་ཡོམ་ཡོམ་འདར།།


ཁུ་བྱུག་སྔོན་མོའི་གྲེ་འགྱུར་ལྷོད་ཀྱིས་འཇགས།།

ཡིད་འོང་མཚོ་མོའི་དར་ཁ་ཕྱོགས་སུ་འཐོར།།

ས་ཆེན་འཁུན་པའི་དྲག་རླུང་འ་འུར་འཐབ།།

སྨྲེང་སྐྱོ་གཞས་དང་སྙན་ཚིག་ཕྲེང་བར་བསྟར།།


དགུང་སྔོན་སྐར་མ་ལྷེམ་ལྷེམ་མིག་ཆུ་དཀུ།

བྲེ་སེར་འབྲོང་ལོས་སྐྱོ་བའི་རྭ་རྩེ་བརྡར།།

ཅང་ཤེས་རྟ་ཕོས་དངན་པའི་འཚེར་སྐད་གཟན།།

ཁྱེད་སྐུ་དགོངས་པ་རྫོགས་པའི་དན་རྟགས་ཡིན།།


རོལ་མོའི་རགས་ཁ་ཤོར་བའི་གྱོང་གུན་གཅིག།

གདོད་མའི་གདངས་མཚམས་ཆད་པའི་སྟོང་ཆ་གཉིས།།

པི་ཝང་རྒྱུད་སྐུད་འཁྱོར་བའི་འཐུས་ཤོར་གསུམ།།

བོད་པའི་སྒྱུ་རྩལ་ཁམས་ཀྱི་ཆག་སྒོའོ།།


གངས་ལྗོངས་ཁུ་བྱུག་མོན་དུ་བཞུད་ཟིན་ཡང་།།

སྒྲ་སྙན་འབྲུག་མགོར་དཀྲིས་པའི་དག་གཙང་དབྱངས།།

རེ་བཞག་གངས་ལ་འཁྲིལ་བའི་དབྱངས་གསལ་གདངས།།

མགོ་ནག་བོད་པའི་སྙིང་གི་རུས་སུ་གསལ།།


ལྷ་བྱ་དཀར་པོའི་ལྷད་མེད་གཤོག་རྡེབ་འགྲོས།།

ཉི་ཟླའི་རྣ་ཆའི་འོད་ལ་འཐིམས་ཟིན་ཡང་།།

མ་ཎིའི་མགུ་དབྱངས་བསྒྲོན་པའི་གསོལ་བའི་མཐུས།

ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་བར་སྨོན།།


  • ལེ་ཚན་སྔོན་མ།:སྙན་ངག་མ།
  • ལེ་ཚན་རྗེས་མ།:ལིང་ཆུ་སྡེ་བཞིར།