སྙན་ངག་མ།

ཚེ་རིང་ལྷ་མཚོ།        2018-03-26

སྙན་ངག་ཡིན་མདོག་གིས་ཡིག་འབྲུའི་སྐད་ཆ་བར་སྣང་འཕྱར།

ལྟ་བ་མཐོ་མདོག་གིས་མིག་ཤེལ་ནག་པོ་སྣ་རུ་གཟར།

སློབ་ཆེན་གྱི་རྒྱ་སྒོ་ནས་བཙན་གྱིས་ཤོར་ཞིང་།

སྤྱི་ཚོགས་ཀྱི་གདན་ཁྲི་དེ་ཤུགས་ཀྱིས་བཤགས་པའི།

གནམ་ཕྱེད་ཀྱི་བདག་མོ་སྟེ།

སྙན་ངག་མ་སླེབས་བྱུང་།

ཡིད་ཆེས་དེ་མདུན་དུ་པང་བཞིན།

རེ་སྨོན་དེ་རྒྱབ་དུ་བཅིངས་ནས།

སུ་ལའང་མ་ཞུམ་པར་གང་ལའང་མ་གཟུར་བར།

འཇིག་རྟེན་གྱི་ཆེས་མཐོ་སར་འཛེགས་ཏེ།

གངས་རི་བོའི་མཚར་སྡུག་གི་དམ་ཚིག་ཅིག

ང་རྒྱལ་གྱིས་གནམ་ལ་བཏེགས་ཤིང་ཡིད་ཆེས་

ཀྱིས་ས་གཞིར་བཀྲམས།

ཡིན་ཡང་།

འདུ་འཛིའི་རྒྱ་གྲོང་གི་ཁྲོམ་དཀྱིལ་ན།

གཡོ་སྒྱུས་འཛུམ་པའི་གསར་བུ་དང་།

བསམ་གཞིགས་དབེན་པའི་གཞོན་ནུ་མ།

ད་དུང་རྙིང་ཞེན་རུམ་པའི་རྒན་རྒོན་དེ་ཚོའི་གར་སྟེགས་དབུས།

སྙན་ངག་མས་མཛེས་སྡུག་གི་ཟློས་གར་ཇི་ལྟར་འཁྲབ་ཀྱང་།

བསམ་གཞིགས་བཞིན་གྲུབ་འབྲས་ཤིག་མ་རྙེད།

དུས་དེ་ནས་བཟུང་།

སྙན་ངག་མས་ཡིད་ཆད་དམར་པོའི་ཤོག་ལྷེ་ངོས།

གནས་མལ་གྲུ་བཞིར་རྡོག་ཁ་གཏད།

ལན་ཆགས་བྱིས་པར་རེ་སྨོན་སྦྱར།

གོ་ཁའི་ལྕི་བར་ཕུགས་བསམ་བསྐུར།

ཞིང་ས་སྐྱ་བོར་ལང་ཚོ་འབུལ།

དེ་ལྟར་ལོ་ཟླའི་ཞགས་པ་ཆུ་ལ་བསྐྱུར་བས།

སྙན་ངག་མ་དང་སྙན་ངག་མའི་གཏམ་རྒྱུད།

འགྱོད་གདུང་དང་ལེ་ལན་དབྱིངས་ནས་རྒྱང་དུ་ནུབ། 


  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་སྤྲིངས་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཁུ་བྱུག་སྔོན་མོ།