ཕ་ཡུལ་ལ་སྤྲིངས་པ།

སྒ་རྒན་ཀུན་བཟང་རིག་འཛིན།        2018-03-23

རྩྭ་ཐང་ཡངས་པོ་དགའ་བའི་ཕ་ས་དང་། །

ཕྱུགས་ལུག་དཀར་གནག་གཅེས་པའི་ནོར་བུ་ཞེས། །

སྙན་པའི་གླུ་དང་བདེ་བའི་ཞབས་བྲོ་ཡིས། །

འདི་བཟང་འདི་ལེགས་བསྟོད་གླུ་འབྲོག་པས་ལེན། །

 

ཞིང་ཐང་གྲུ་བཞི་གསེར་གྱི་གཞོང་པ་དང་། །

འབྲུ་རིགས་སྣ་ལྔ་རི་རྒྱལ་ལྷུན་པོ་ཞེས། །

དཀར་པོའི་ཤོག་བུར་འཁྱུགས་པའི་སྨྱུག་རྩེ་ཡིས། །

འདི་དགའ་འདི་ཡག་སྙན་ངག་ཞིང་པས་འབྲི། །

 

རང་ཡུལ་མཛེས་པའི་མཛེས་ལུགས་སུས་ཀྱང་གླེང་། །

ཡུལ་ལ་དགའ་ཞིང་ཞེན་པའི་རྟགས་ཤིག་རེད། །

ངས་ཀྱང་བསྟོད་པའི་མེ་ཏོག་མི་ཉུང་ཙམ། །

ང་ཡི་ཕ་ཡུལ་འདི་ལ་ཕུལ་ཡང་མྱོང་། །

 

ཕ་ཡུལ་མཛེས་ཤིང་སྡུག་པ་བདེན་པ་རེད། །

དེ་ལ་དགའ་ཞིང་གདུང་བ་སྨྲོས་མེད་རེད། །

དེ་རིང་ང་ཡི་འདི་དག་གླེང་མི་འདོད། །

བརྩེ་བའི་ཡུལ་མི་རྣམས་ཀྱིས་དགོངས་བཞེས་མཛོད། །

 

ངེད་ཅག་ཕ་ཡུལ་ས་མ་འབྲོག་ཏུ་ཆགས། །

ཞིང་འབྲོག་ཞོར་གྱི་ལས་སྣ་ཤིན་ཏུ་མང་། །

དེ་ལ་ལྟ་བཞིན་བློ་ཡིད་མ་ཚིམ་པར། །

ད་དུང་མདུན་སྐྱོད་གནང་དང་ཡུལ་མི་ཚོ། །

 

ཕུ་ཡི་གངས་རི་དཀར་པོ་བཞུར་གྱིན་འདུག །

མདའ་ཡི་མཚོ་དང་མཚེའུ་སྐེམ་གྱིན་འདུག །

བར་གྱི་ཞིང་ཐང་གྲུ་བཞིར་མ་བསམ་ན། །

བང་མཛོད་འབྲུ་ཡིས་ཁེངས་རྒྱུར་དཀའ་ཙམ་འདུག །

 

དབྱར་གྱི་ཆར་ཆུར་ཚོད་འཛིན་བྱ་ཐབས་མེད། །

དགུན་གྱི་གངས་འཁྱགས་ལུས་ཀྱིས་བཞུར་ཐབས་མེད། །

ཕྱུགས་རིགས་དཀར་གནག་ཚོ་ལ་མ་བསམ་ན། །

ཤ་མར་ཐུད་ཀྱི་ཡོང་སྒོ་འགག་ཉེན་འདུག །

 

ཕུ་ཡི་འབྲོག་ལས་མ་བསམ་སྐྱོ་སྣང་བྱེད། །

མདའ་ཡི་ཞིང་ལས་མི་བྱེད་མཚེར་སྣང་བྱེད། །

ཞོར་ལས་སྒོར་རྡོག་རེ་ལ་ཆགས་དྲག་ན། །

ཕ་གཞིས་འདི་ཡི་བདག་པོ་སུ་ཡིས་བྱེད། །

 

ཨ་ཕ་རྩེད་མོར་མ་གཡེངས་ཁྱིམ་ལ་ལོག །

ཨ་མ་ཁ་མང་མ་འདུ་ནང་ལ་ཤོག །

བུ་ཆུང་བདག་མེད་མ་འཇོག་ཁྱིམ་དུ་བསྐོང་། །

དེས་ན་ཁྱིམ་ལ་དྲོ་སྐྱིད་ལྡན་ངེས་རེད། །

 

རྒན་པོ་བསམ་རྒྱུ་མ་མང་མ་ཎི་དྲོངས། །

གཞོན་ནུ་ཆང་རག་མ་མང་ལས་ལ་བརྩོན། །

བྱིས་པ་རྩེད་མོ་མ་མང་ཤེས་རིག་སྦྱོངས། །

དེས་ན་ཕ་ཡུལ་དངོས་གནས་མཛེས་པོ་རེད། །

 

རྒན་པས་གཞོན་པར་བསླབ་བྱ་རྒྱུན་དུ་གནོངས། །

གཞོན་པས་རྒན་པར་གུས་བཀུར་རྒྱུན་དུ་བྱོས། །

རྒྱུན་དུ་གྲོང་མི་བར་ལ་མཐུན་སྒྲིལ་མཛོད། །

དེ་འདྲའི་ཕ་ཡུལ་དངོས་གནས་སྐྱིད་པོ་རེད། །

 

རང་གི་ལུས་པོའི་འཕྲོད་བསྟེན་ཡག་པོ་རེད། །

རང་ཁྱིམ་དྲོན་མོའི་གཙང་སྦྲ་རྩེ་གྲ་རེད། །

ཕྱི་ཡི་སྲང་ལམ་གང་སར་གད་སྙིགས་དང་། །

སྐྱག་གཅིན་གང་བྱུང་མ་གཏོང་སྙིང་ཉེ་ཚོ། །

 

ད་དུང་འདི་འདྲ་གླེང་ནས་གླེང་མི་ཚར། །

དྲན་པ་ལས་ཀྱང་མི་དྲན་དེ་བས་མང་། །

དེས་ན་ཉེ་བའི་ཡུལ་མི་རྣམ་པ་ཡིས། །

ཐུགས་ལ་དགོངས་ནས་ལེགས་བཅོས་གནང་རོགས་ཞུ། །

 

ཕ་ཡུལ་འདི་ལ་ཁྱིམ་བཞིན་གཅེས་རོགས་ལ། །

ཡུལ་མི་རྣམས་ལ་སྤུན་བཞིན་བྱམས་རོགས་ཞུ། །

འཆམ་མཐུན་ཞི་བདེ་ཡུལ་གྱི་རྒྱན་ཆ་རེད། །

དངོས་བདེན་ཡུལ་ལ་དགའ་ན་དེ་ལྟར་གནོངས། །

 

ང་ཡང་ཕ་ཡུལ་འདི་ལ་དགའ་པོ་ཡོད། །

དགའ་རང་དྲགས་པས་དེ་རིང་བསྟོད་པ་མེད། །

ཤ་ཚའི་ཁ་ནས་གཏམ་སྙན་མེད་དགོངས་ནས། །

ཡུལ་མི་རྣམས་ཀྱིས་ཐུགས་སུ་འཇོག་རོགས་གནང་། །


  • ལེ་ཚན་སྔོན་མ།:གྲོགས་པོ།
  • ལེ་ཚན་རྗེས་མ།:སྙན་ངག་མ།