གྲོགས་པོ།

གློག་ཞགས།        2018-03-23

སྐྱིད་ན་ལ་ཁའི་རྩྭ་ལ་མཉམ་ཟ་དང་། །

སྡུག་ན་སྔོན་མོའི་ཆུ་ལ་མཉམ་འཐུང་གིས། །

ངང་རྒྱུད་ཕྱི་ཐག་རིང་བའི་གྲོགས་གང་དེས། །

མངར་སྐྱུར་འཚོ་བའི་ནང་ལ་དྲོད་ཅིག་སྟེར། །

 

མཐོང་མ་ཐག་ནས་གྲོགས་ཞེས་ཁ་སྙན་འབོད། །

འདྲིས་ལོང་མེད་པར་དགྲ་ཡི་རྣམ་འགྱུར་བསྟན། །

ཨ་གསར་ངོ་གཉིས་ཅན་གྱི་མི་དེ་འདྲར། །

སྙིང་གི་གསང་བ་ཤོར་ན་འགྱོད་ཅིག་ཡོད། །

 

འགྲོགས་ཚད་མཐོང་ཚད་ཡོད་ཚད་གྲོགས་པོ་མིན། །

གྲོགས་པོ་རྣལ་མ་དེ་ལ་ཚད་ཅིག་ཡོད། །

མི་བརྟན་སྐྱིད་སྡུག་འཁོར་བའི་བཤུལ་ལམ་ན། །

དོན་གྱི་གྲོགས་པོ་ཡོད་ན་སྐྱིད་ཅིག་ཡོད། །

 

དགའ་ན་ཉེ་ནས་བགད་མཁན་གྲོགས་པོ་མིན། །

སྡུག་དུས་ཟུར་ནས་ངུ་མཁན་གྲོགས་པོ་ཡིན། །

མདོར་ན་སྐྱིད་སྡུག་འཚོ་བའི་འཕྲེད་ལམ་ནས། །

ནམ་ཡང་ལག་གདང་སྦྲེལ་ན་གྲོགས་པོ་ཡིན། །

 

ངོ་བསྟོད་མཐེ་བོང་ཀེར་མཁན་གྲོགས་པོ་མིན། །

གཤེ་དང་བསྐུལ་ལྕག་གནང་མཁན་གྲོགས་པོ་ཡིན། །

ཁྱོད་ལ་འགན་འཁྲི་ལྷག་བསམ་གཙང་མ་ཡིས། །

བླང་དོར་ཐེ་ཇུས་མཁན་དེ་གྲོགས་པོ་ཡིན། །

 

ཆང་ཕོར་ཁ་ཡི་སྙིང་གཏམ་དེ་ཙམ་རེད། །

དམིགས་ཡུལ་ཅན་གྱི་འཛུམ་མདངས་ཅི་ཡང་མིན། །

མགོ་བདེ་བློ་ཆུང་ཅལ་གྱིས་མ་འདྲོགས་པར། །

གྲོགས་དང་གྲོགས་ཀྱི་དབྱེ་བ་འབྱེད་པ་གལ། །

 

དོན་གྱི་གྲོགས་པོ་འཁོར་བའི་ལམ་གྲོགས་རེད། །

སྙིང་གི་གྲོགས་པོ་དགའ་སྐྱོ་སྡུག་རོགས་རེད། །

ནམ་ཡང་དམ་ཚིག་གཙང་མའི་རྩ་དོན་གྱིས། །

མཐུན་པའི་ལག་གདང་མ་འཐོར་སྙིང་གི་གཏམ། །

 

དང་པོ་གྲོགས་ལ་བརྟག་ནས་བསྒྲིག་པ་གལ། །

བར་དུ་གྲོགས་དང་དམ་ཚིག་བརྟན་པ་གལ། །

མཐའ་མ་སྐྱིད་སྡུག་ལྷན་དུ་མྱོང་བ་གལ། །

གལ་པོ་གསུམ་འདི་རང་ལ་དྲན་བསྐུལ་ཡིན། །

 

གྲོགས་ཀྱི་བར་ལ་རྩོད་དང་འཐབ་པ་ཡོད། །

གྲོགས་པོའི་བར་ལ་བགད་དང་ངུ་བ་ཡོད། །

འོན་ཀྱང་ནམ་ཡང་འཁོན་འཛིན་མེད་པ་ཡི། །

ཡིད་ཆེས་བློ་འཁེལ་རྩ་བའི་དམ་ཚིག་ཡིན། །

 

འདྲེས་སླ་ཨ་གསར་ཅན་དེ་མ་ཉེ་དགོས། །

བློ་དཀར་གཞུང་དྲང་ཅན་དེ་མ་རིང་དགོས། །

ཤ་ཚ་སྙིང་དང་ཉེ་བའི་གྲོགས་གང་དང་། །

ཚེ་གཅིག་ཡུན་ལ་འགྲོགས་པའི་དམ་བཅའ་དགོས། །

 

མདོར་ན་རང་ལ་བརྩེ་བའི་མི་དག་དང་། །

གང་ལྟར་རང་ཉིད་དུང་བའི་མི་དེ་དག །

དུས་ལ་འགྱུར་བ་ཡུལ་གྱི་བསྐལ་བ་སོགས། །

འཕྲལ་རྐྱེན་ངན་པས་སེམས་ཁ་མ་གསོད་དགོས། །



  • ལེ་ཚན་སྔོན་མ།:ལྷག་བསམ་གྱི་རྔ་བོ།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་སྤྲིངས་པ།