ཚངས་དབྱངས་རྒྱ་མཚོ།

རྔ་བ་ཕུན་ཚོགས།        2018-01-15

ཚངས་དབྱངས་རྒྱ་མཚོ།
བྱིས་པ་ཞིག་གི་མིང་ཡིན།

པྲ་ཚགས་ཀྱི་བྱིས་པ་དེ།

ལྷ་སར་བུད་སོང་ཟེར།

པོ་ཏ་ལའི་སྐས་ཐེམ་གྱི་རྐང་རྗེས་དེ།

རྩེད་གྲོགས་ཚོས་སེམས་གཏིང་ནས་དྲན་གྱིན་འདུག



ཚངས་དབྱངས་རྒྱ་མཚོ།
བཙུན་པ་ཞིག་གི་མཚན་ཡིན།

ང་མདོ་སྨད་ནས་ཡོང་སྟེ།

བཙུན་པ་དེ་དང་ལན་གཅིག་མཇལ་ན་བསམ།

འབྱོར་བྱུང་། ང་སྟོད་ཉི་མ་ལྷ་སར་འབྱོར་བྱུང་།

ལྷ་སའི་དགུན་ཟླ་འདི་ཇི་འདྲའི་གྲང་བ་ལ།

ཁ་བ་བབས་བྱུང་། ཁ་བ་ལྷབ་ལྷུབ་བབས་བྱུང་།

པོ་ཏ་ལའི་སྐས་ཐེམ་གྱི་ཁ་བའི་རྔམ་ཁ།

དགུན་ཟླ་འདི་ལྟ་བུའི་ཉི་མ་དགུ་ཤར་ཡང་ཞུ་བར་ནུས་སམ།

 

ཚངས་དབྱངས་རྒྱ་མཚོ།

ལོ་ཟླའི་མཁའ་ལ་འཛུམ་པའི་སྐར་མ་ཞིག་གི་མིང་ཡིན།

ཕ་ཡུལ་གྱི་ནམ་མཁར་ཡང་ཡང་ཅེར་བའི།

གངས་གྲོང་གི་གངས་ཕྲུག་འཁྱམ་པོ་དེ།

གློ་བུར་མུན་ནག་གི་གཟེབ་ཏུ་ཚུད་ན།

ཁེར་རྐྱང་གི་གྲིབ་མར་ཕེབས་བསུ་དང་སྐྱེལ་མ་གནང་མཁན་ཡང་།

ཕ་ཡུལ་གྱི་ཟླ་བ་དཀར་པོ་ཡིན་རྒྱུ་ན།

ཚངས་དབྱངས་རྒྱ་མཚོ།
བར་སྐོར་ནས་བོར་བའི་ཕྲེང་བ་ཞིག་ཡིན།

ཕྲེང་བ་དེ་ཁམས་ནས་ཡོང་བའི་བུ་མོ་ཞིག་གིས་རྙེད་འདུག

སུ་ལའང་གསང་དགོས་མི་འདུག

བུ་མོ་དེའི་མིང་ལ་ལི་ཐང་ཟེར།

དགའ་མྱོང་།  ང་བུ་མོ་དེར་ཧ་ཅང་དགའ་མྱོང་།

ངས་དྲན་གྱིན་འདུག     རྒྱུན་དུ་དྲན་གྱིན་འདུག

ཆེས་ཐོག་མའི་ཐུག་འཕྲད་ཀྱི་དུས་ཡུན་ཙམ་པོ།

ཆེས་ཐ་མའི་གྱེས་བྲལ་གྱི་ལག་བརྡ་ཡིན་པ་སུ་ཡིས་ཤེས་ཨང་།



ཚངས་དབྱངས་རྒྱ་མཚོ།
ལོ་རྒྱུས་ཤིག་གི་མིག་ཡིན།

ལོ་ཟླའི་མིག་ཟུང་སྤྱད་ནས།

གངས་རིའི་ཕར་ཚུལ་ལ་བལྟས་ན།

ཁྱེད་ཁོ་ན་ངའི་ཁྲ་ཆུང་དུ་འཁོར་ཡོང་།

གནམ་མཐའ་གཅོད་པའི་ཁྲུང་ཁྲུང་བཞིན།

དྲན་པའི་མཁའ་ལ་ལྡིང་སྐོར་ལན་གསུམ་བརྒྱབ་རྗེས།

སེམས་པ་སོང་བའི་བུ་མོ་དེ་བོད་ལ་ཡོད་ན།

དེའི་མིང་ལ་ལི་ཐང་ཟེར་བ་ཡང་མ་བརྗེད་པར་འཕུར་ཤིག


  • ལེ་ཚན་སྔོན་མ།:ཁོར་ཡུག་གིས་བསྐྲུན་པའི་ལེགས་བཤད་འགའ།
  • ལེ་ཚན་རྗེས་མ།:སྟོན་ཟླ་བརྒྱད་པའི་སྙན་ངག