ཁོར་ཡུག་གིས་བསྐྲུན་པའི་ལེགས་བཤད་འགའ།

        2017-12-28

    ༼  ཁ་མ་མང༽

 རང་གི་ཁོར་ཡུག་ཡོད་ཚད་རྣ་བ་ཡིས་ཁེངས་ལ།།

 གོ་ཚད་ཕར་ཚུར་སྐྱེལ་བའི་ནེ་ཙོ་དེ་མང་བས།།

 རང་ཁ་དམ་པོར་སྲུང་ནས་གང་བྱུང་དུ་མི་སྒྲོག།

 ཕོ་རབ་ཁོང་ཟབ་དག་གི་རང་གཤིས་རང་ལགས་སོ།།

  ༼  གཞན་སྐྱོན་མ་གླེང་།༽  

 རང་སྐྱོན་མི་མཐོང་གཞན་སྐྱོན་ཁོ་ན་ལ་བསྙད་པ།།

 བློ་ཆུང་སྐྱེ་བོའི་སྐྱུག་བྲོའི་རང་གཤིས་དེ་ཡིན་ན།།

རང་གཞན་མཉམ་བརྗེའི་བློ་ཡིས་རང་སེམས་ནི་བཏུལ་སྟེ།།

གཞན་སྐྱོན་ལྷོད་ལ་འཇོག་པ་དགེ་བ་ལས་མ་འདས།།

 ༼  རང་སེམས་སྲུང་། ༽

ཕྱི་ནང་རྒྱུ་རྐྱེན་གང་གིས་རང་སེམས་ནི་འཁྲུགས་ཏེ།།

བསམ་པ་ལྷོད་ལ་བབས་པའི་གོ་སྐབས་དེ་བརླགས་ན།།

རང་གི་མི་ཚེ་སྡུག་བསྔལ་ཁོ་ན་ཡིས་འཛད་པས།།

རང་སེམས་ལྷུན་པོ་བཞིན་དུ་བརྟན་པོར་རང་བསྲུང་འོས།།

༼ རང་ཚུགས་བཟུང་། ༽ 

གཞན་ལ་བསྟུན་པ་མི་ཆོས་རྩ་བ་རང་ཡིན་མོད།།

འཕྲད་ཚད་སྐྱེ་བོ་ཁ་ཡག་ངོ་འཛུམ་གྱིས་བསུ་བའི།།

ལས་དེ་རང་གཞན་ངལ་བའི་རྒྱུ་རྐྱེན་ལས་མེད་ན།།

རང་ཚུགས་བརྟན་པོར་བཟུང་བ་མི་ཆོས་ཀྱི་གནད་དོ།།

  ༼   གཞན་སེམས་མ་སྔོག ༽

རང་གི་ཚད་བཀག་ཡོད་པའི་བློ་སྟོབས་ལ་བརྟེན་ནས།།

གཞན་སེམས་དཔོག་པར་དཀའ་བའི་གནས་ལུགས་ལ་བསམ་ན།།

གང་བྱུང་གཞན་སེམས་སྔོག་པའི་དོན་མེད་ཀྱི་ལས་ལས།།

རང་གི་བསམ་པར་གད་བདར་གང་ལེགས་རེ་འོས་ཆེ།།


  • ལེ་ཚན་སྔོན་མ།:ཀ་རྩོམ་མགྲིན་པའི་མགུལ་རྒྱན།
  • ལེ་ཚན་རྗེས་མ།:ཚངས་དབྱངས་རྒྱ་མཚོ།