ཀ་རྩོམ་མགྲིན་པའི་མགུལ་རྒྱན།

འཁོན་སྲས་རྣོ་ཟེར།        2017-12-26

ཨ་གསར་ཚིག་གི་དྲི་མས་མ་གོས་པར།།

ཧ་ཅང་གོ་བདེའི་ངག་གི་འཕྲིན་པ་ཞིག།

ཨ་མའི་ནུ་རིན་བསམ་པའི་གཞོན་པའི་སྡེར།

ཧ་རླངས་ཙམ་གྱི་མོད་ལ་ཤར་མར་བྲིས།།



ས་ཕྱོགས་གང་དང་གང་དུ་ཡོད་ནའང་།།

ཤ་ཞེན་བོད་ལ་བཅངས་བའི་མོས་འདུན་དགོས།།

ལ་ལུང་མང་པོར་སློབ་གྲྭར་འགྲིམ་འགྲིམ་ནས།།

ར་མིན་ལུག་མིན་སྤྱོད་པས་རང་མ་རྫོད།།



ཡ་མ་བརླ་ཡི་སྤྱོད་པ་ཨ་ཁ་མ།།

འ་ཅག་ཚང་མས་རིང་དུ་མ་སྤང་ན།།

ཟ་ཟ་དྲིན་མོ་ཆེ་ཡི་དྲིན་ལན་དེ།།

ཞ་ཞི་ཇི་བཞིན་མཇལ་བའི་སྐལ་བ་དབེན།།



ཝ་ལྟར་གཡོ་སྒྱུ་འཆང་བ་མང་དྲགས་ན།།

ཛ་དྲག་སྤྱོད་པས་རང་སྡུག་ཉོ་སྲིད་ལ།།

ཚ་ཆས་མེད་པའི་ལམ་གོལ་མགྲོན་པོ་བཞིན།།

ཙ་ཙིག་སྡུག་གི་མུན་པ་ཡལ་དུས་མེད།།



མ་རབས་ལས་ལ་རྒྱུན་པར་བརྩོན་གྱུར་ན།།

བ་གླང་རྩྭ་ཟན་དེ་དང་གཉིས་མེད་པས།།

པ་ཏྲའི་རི་མོ་བསྣོལ་འདྲའི་རིགས་གཞུང་ལ།།

ཕ་ཤུལ་འཛིན་པའི་སྡེ་ཡིས་བརྩོན་ན་རིགས།།


ན་ཚོད་གཞོན་ལ་རིག་པ་གསལ་བའི་དུས།།

ད་ལྟའི་ཕྲག་པར་བབས་པའི་འགན་འཁྲི་དེར།།

ཐ་ཤལ་སྤྱོད་པ་སྤངས་ཏེ་མ་འབད་ན།།

ཏ་ཀུ་ཐོགས་པའི་དུས་དང་ཉེ་སོ་ལོ།།



ཉ་མོ་ཆུ་ལ་རྩེན་པའི་རྣམ་དཔྱོད་ཀྱིས།།

ཇ་ཡུན་ཙམ་གྱི་དུས་ཚོད་དམ་འཛིན་ངང་།།

ཆ་ལུགས་ཀུན་མཐུན་འདུན་མར་བརྩོན་ཙ་ན།།

ཅ་ཅོ་དྲི་བྲལ་མི་ཚེའི་བདེ་སྐྱིད་མཐོང་།།



ཀ་ཁ་ངག་ལ་གྱེར་བའི་བྱིས་པའི་མཚོན།།

ཁ་བའི་ལས་དོན་གཉེར་བའི་འགན་འཁྲི་ཅན།།

ག་ས་གང་དུ་ངེས་མེད་རྒྱུ་བའི་སྡེར།།

ང་ཡི་ཐོལ་བྱུང་གཏམ་འདི་རྒྱན་དུ་འདོགས།།


  • ལེ་ཚན་སྔོན་མ།:《ཁམས་པའི་ཚགས་པར་》གྱི་རང་གཤིས་རྣལ་མར་བརྗོད་པ།
  • ལེ་ཚན་རྗེས་མ།:ཁོར་ཡུག་གིས་བསྐྲུན་པའི་ལེགས་བཤད་འགའ།