དགེ་བའི་བཤེས་གཉེན་ལ་བསྟོད་པ།

སྒྲོལ་ཐོབ།        2016-09-12

ཤེས་བྱའི་ཆུ་འཛིན་འཁྲིགས་པའི་གངས་རིའི་སྐུ།།
ལེགས་བཤད་བདུད་རྩིའི་ཆར་རྒྱུན་འཇོ་བའི་གསུང་།།
ཀུན་ལ་བྱམས་བརྩེའི་པད་མོ་དཀར་བའི་ཐུགས།།
སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྣམ་པར་རྒྱལ།།
གཞན་ཕན་ལྷག་བསམ་དཀར་པོ་ཡིད་ཀྱི་རྒྱན།།
ཞི་དུལ་བག་ཡོད་སྤྱོད་བཟང་ལུས་ཀྱི་རྒྱན།།
ཞི་འཇམ་ཡ་རབས་གུས་ཞབས་ངག་གི་རྒྱན།།
རྒྱན་གསུམ་དབང་དུ་བསྡུས་པའི་བཤེས་གཉེན་མཛེས།།
སྙན་གྲགས་བ་དན་མཁའ་རུ་མི་འཕྱར་ཞིང་།།
ཁེ་འདོད་དབྱར་རྔ་དགུང་ནས་མི་སྒྲོག་པའི།།
དཀའ་སྤྱད་བབ་ཆགས་བཟང་པོའི་སྤྱོད་ཚུལ་དེས།
བགྲང་ཡས་སློབ་མའི་ཡིད་ཀྱི་བརྟན་པ་འཕྲོག །
རིན་ཆེན་སྣ་ལྔའི་རྒྱན་ཆས་མ་སྤུད་ཅིང་།།
དར་གོས་སྣ་ལྔའི་གཟབ་མཆོར་མ་སྤྲས་ཀྱང་།།
གཞན་ཕན་ལྷག་བསམ་དཀར་པོའི་རང་གཤིས་དེས།།
གང་ཁྱོད་མཛེས་སྡུག་ཀུན་གྱི་སྙིང་པོར་འཁྲུངས།།
ལང་ལ་ཤོར་བའི་ཨ་མའི་གཅེས་ཕྲུག་དང་།།
རྨིག་རྗེས་དེད་མཁན་དུད་འགྲོའི་གཡོག་པོ་ལ།།
ཤེས་བྱའི་འོད་སྣང་ཕངས་མེད་སྦྱིན་པ་ཡིས།།
ལས་དབང་བཟང་པོར་གྱུར་བ་བཤེས་གཉེན་དྲིན།།
དགའ་ཉེའི་ཕྱོགས་རིས་ལྟ་བ་རིང་ནས་དོར། །
དབུལ་ཕྱུག་མཐོ་དམའི་དབྱེ་བ་རྨང་ནས་བཤིག །
ཀུན་ལ་བཟང་པོའི་གཏམ་གྱིས་བསླབ་བྱ་གནང་།
དགེ་བའི་བཤེས་གཉེན་ཀུན་གྱི་མགོན་སྐྱབས་མཆོག །
སློབ་གསོའི་བྱ་གཞག་འཁུར་དུ་བཞེས་པ་ནས།།
མི་ཚེའི་སྐྱིད་སྡུག་ཐོབ་ཤོར་རྒྱབ་ལ་གཡུགས།།
རྨོངས་མུན་རྗེས་ལུས་དགྲ་རུ་འཛིན་འཛིན་ནས།།
བློ་གྲོས་ཤེས་རབ་རྣོ་པོ་གྲོགས་སུ་བསྟེན།།
བཤེས་གཉེན་བཟང་པོ་ཉིན་བྱེད་དབང་པོ་ཡིན།།
བཅུ་ཕྲག་རིག་པའི་ཉི་འོད་ས་གཞིར་ཁྱབ།།
བཤེས་གཉེན་བཟང་པོ་རྒྱུ་སྐར་རྒྱལ་པོ་ཡིན།།
སྣོད་ལྡན་སློབ་མ་སྐར་ཚོགས་བཞིན་དུ་འདུ།།
རྒྱལ་ཁབ་དར་རྒྱས་མི་རིགས་འཕེལ་རྒྱས་དང་།།
སྤྱི་ཚོགས་འཆམ་མཐུན་སྣོད་བཅུད་བཟང་ཞན་སོགས།།
མང་མང་སློབ་གསོའི་བྱ་བར་རག་ལས་ཕྱིར།།
བཤེས་གཉེན་དམ་པའི་བཀའ་དྲིན་གཞལ་དུ་མེད།།
དེ་ཕྱིར་སློབ་གསོའི་གཡུལ་ས་མདུན་མ་རུ།།
འབད་པས་ཕྱག་ལས་གནང་བའི་བཤེས་གཉེན་ལ།།
བཀྲ་ཤིས་ལྷ་རེག་དཀར་པོ་མཐོན་པོར་བཏེགས།།
ཚིག་གསུམ་དབྱངས་ཀྱི་བསྟོད་པ་སྙིང་ནས་ཕུལ།།
ཁྱེད་སྐུ་མི་འགྱུར་རི་རྒྱལ་ལྷུན་པོ་ལ།།
ཚེ་རིང་ལོ་བརྒྱ་ཐུབ་པའི་བཀྲ་ཤིས་ཤོག །
སྐུ་བསོད་དབང་ཐང་འཕེལ་བའི་བཀྲ་ཤིས་ཤོག །
གེགས་དང་བར་ཆད་མི་ཡོང་བཀྲ་ཤིས་ཤོག །

  • ལེ་ཚན་སྔོན་མ།:དགེ་རྒན་དུས་སྟོན་ལ་ཕུལ་བ་ཀ་ཕྲེང་སེམས་ཀྱི་དབྱངས་རྟ།
  • ལེ་ཚན་རྗེས་མ།:དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།