འཕགས་བོད་མཁས་པའི་རིག་པའི་ལམ་སྲོལ་ལ།།
ཞེན་པའི་རྣམ་དཔྱོད་དེ་ཙམ་མེད་ན་ཡང་།།
ཁ་བ་བོད་པའི་སྲོལ་རྒྱུན་རིག་གནས་ལ།།
ངན་སྨྲས་ཚིག་མཚོན་མ་འཕེན་གངས་ཅན་པ།།
རྒྱུ་དང་འབྲས་བུར་ངེས་ཤེས་འདྲོངས་བ་ལ།།
ཚུལ་གསུམ་ལམ་ནས་དཔྱད་པ་མ་ནུས་ཀྱང་།།
ཨུ་ཚུགས་ཕ་བོང་པང་དུ་མི་ལེན་པར།།
དྲང་བདེན་ལམ་ལ་ཞུགས་ཤིག་གངས་ཅན་པ།།
རིགས་ཀྱི་ཚེ་སྲོག་སྐད་དང་ཡི་གེ་ལ།།
ཉིན་མཚན་བརྩོན་པའི་གོ་ཆ་མ་མཆིས་ཀྱང་།།
རང་གི་ཚེ་སྲོག་རང་གིས་གཅོད་པ་ལ།།
སྔངས་སྐྲག་ཅིས་ཀྱང་སྐྱེ་དགོས་གངས་ཅན་པ།།
བསམ་པའི་རྒྱག་ཕྱེ་ནང་བའི་ལྟ་གྲུབ་ལ།།
རྩེ་གཅིག་བློ་ཡི་འདུན་པ་མེད་ན་ཡང་།།
སྲིད་འབྱོར་རྩ་བའི་བཀག་རྡོར་གྱུར་འདུག་ཅེས།།
བརྙས་བཅོས་མཐོང་ཆུང་མ་བྱེད་གངས་ཅན་པ།།
ཡ་རབས་ལུགས་དང་དམ་པའི་སྲོལ་དག་ལ།།
གུས་བཀུར་ཞུ་བའི་མོས་པ་མེད་ན་ཡང་།།
ཁ་ངན་ཚིག་གི་རྣོ་སོ་མི་སྐོར་བར།།
གུ་ཡངས་སྒམ་དཀྱེལ་གྱིས་ཤིག་གངས་ཅན་པ།།
རིགས་ཀྱི་མྱུ་གུ་ན་ཆུང་བྱིས་པ་ལ།།
རྩིས་དངོས་རྫས་དང་གཞན་གྱི་སྐད་ཡིག་སོགས།།
བསླབ་པ་བཟང་ཡང་བོད་ཀྱི་སྐད་ཡིག་འདི།།
ཅིས་ཀྱང་ཤེས་སུ་འཇུག་དགོས་གངས་ཅན་པ།།
འབྱོར་ལྡན་མི་ཡི་གྲལ་དུ་ཐོན་པ་དང་།།
ཤེས་རིག་ཀུན་ལ་མཁྱེན་རྒྱ་ཡངས་དགོས་མོད།།
བྱམས་དང་སྙིང་རྗེ་རིན་ཐང་ལྟ་བ་སོགས།།
ང་ཚོར་ལྷག་ཏུ་ཡོད་དགོས་གངས་ཅན་པ།།