ང་དང་ཨ་མ།

དཔལ་ལྡན་རྡོ་རྗེ།        2016-04-11

མིག་ཆུ་ཡིས་སྐྱེལ་རྫོངས་དང་།
སྐྲ་དཀར་གྱིས་བསུ་མ་གྲངས་མེད་ལ་བསམ་ཚེ།
ངའི་རྒྱང་བཞུད་ཀྱི་གདམ་ཀ་འདི་གཏན་ནས་འཆུག་འདུག
དྲན་གདུང་གི་ཉིན་སྲིབ་ཅིག་ན།
རྒས་དྲགས་པའི་ལྷ་སྒྲུང་དེ་དང་ཉག་ཕྲ་བའི་འཚོ་ལམ་འདི་གཉིས།
ང་དང་ཨ་མ་གཉིས་ཀྱི་འགལ་འདུ་མིན་ན།
ལེ་བར་སྟོང་གིས་ཆོད་པའི་རི་ཆུ་འདི་དག་ཀྱང་།
ང་དང་ཨ་མའི་བར་གྱི་བར་ཐག་ག་ལ་ཡིན།
དགོན་སྡེ་དང་མཆོད་རྟེན་ཡོད་ས་ན་ཨ་མའི་གསོལ་
སྨོན་མེ་ཕུང་བཞིན་དྲོས་ལ།
ཆུ་བོ་དང་སྤྲིན་པ་བཞུད་ཕྱོགས་ན་སེམས་གཏམ་རླུང་བུ་བཞིན་གཡོ།
ཨ་མའི་ཆུང་དུས་ཀྱི་དཀའ་སྡུག་གི་ལོ་རྒྱུས་དེ་དང་།
ཉམས་རྒུད་དུ་ཕྱིན་པའི་འབྱུང་འདུས་ཀྱི་སྐུ་ཕུང་སོགས་དྲན་ན།
ངའི་མིག་ཀོང་གི་མཆི་མ་འདི་ཇི་འདྲའི་སྙིལ་སླ་ལ།
མཇལ་འདོད་ཀྱི་ཚོར་བ་འདི་ཡང་ཇི་འདྲའི་རྣོ་
ངར་ཅན་ཞིག་ཏུ་འགྱུར་ཨང་།
ཨ་མ་ལགས། སྐུ་ཚེ་རིང་། སྐུ་ཚེ་རིང་།
  • ལེ་ཚན་སྔོན་མ།:དམིགས་བསལ་སློབ་གྲྭ།
  • ལེ་ཚན་རྗེས་མ།:ལྷད་མེད་སེམས་ཀྱི་འབོད་སྒྲ།