དྲང་བདེན་ལམ་ལ་སྐུལ་བའི་གཏམ།

(ཀུན་དགའ་བསམ་གཏན།)        2010-11-09

བདེན་པའི་སློབ་དཔོན་ངག་སྒོ་ལས།།
བདེན་དོན་བདུད་རྩི་ཁོང་དུ་འཁྱིལ།།
བདེན་འཚོལ་སློབ་བུ་སྣོད་རུང་བར།།
བདེན་པའི་གཏམ་ཞིག་ཅིས་མི་བཤད།།
ཡུན་རིང་ཤེས་བྱར་བརྩོན་འབྲས་སུ།།
བླ་མེད་དགེ་མིང་ལས་ཀྱིས་སྦྲེལ།།
རིགས་མཐུན་མྱུ་གུ་སྐྱོང་མཛད་པ།།
མི་ཚེ་འདི་ཡི་རིན་ཐང་ཉིད།།
དེས་ན་ཡུན་རིང་སྙིང་ཁོང་དུ།།
བསྙལ་བའི་བདེན་གཏམ་བདུད་རྩི་མཆོག།
སློབ་བུ་དོན་གཉེར་ཅན་ལ་འབུལ།།
འགག་གནད་ཐག་མདུད་བཀྲོལ་བར་སྨོན།།
སྔོན་བྱོན་དྲན་དབང་བགྲང་འདས་ཀྱིས།།
བསླབ་བྱ་མུ་ཏིག་ཕྲེང་ལྟར་བརྒྱུས།།
འགྲོ་འདུག་གནས་མལ་གང་བྱས་ཀྱང་།།
དེ་དང་མཐུན་ན་མཆོག་ཏུ་ལེགས།།
དེང་འདིར་ཁོ་བོའི་མགྲིན་སྒོ་ལས།།
འཁྲུངས་པའི་ཁུ་བྱུག་ངག་སྙན་གྱིས།།
རང་རིགས་དཔྱིད་དཔལ་ལམ་བུ་རུ།།
སྐུལ་བར་འགལ་འཛོལ་ཅི་ཞིག་མཆིས།། 
ཐོན་མིའི་ཀ་མད་ས་བོན་གྱིས།།
ལྔ་ཟུང་དཔག་བསམ་ལྗོན་ཤིང་རྒྱས།།
ཞིམ་མངར་འབྲས་བུའི་གསོལ་སྟོན་གྱིས།།
འུ་ཅག་མ་ཤི་ད་བར་གསོན།།
འོན་ཀྱང་ལོ་རྒྱུས་གྲིབ་བསིལ་འོག།
ཅི་ཡང་མི་སྙམ་དུས་འགྱངས་ན།།
མཐའ་མ་ལྗོན་ཤིང་དེ་དང་ནི།།
མཉམ་དུ་སྒྱེལ་བའི་ལས་ལས་ཅི།།
དེས་ན་ཤི་གསོན་རང་ལ་དབང་བའི་དུས།།
རྐྱེན་ངན་གྲོགས་སུ་སྒྱུར་བའི་ཐབས་ཤེས་ཀྱིས།།
གང་ན་འགྲོ་ལམ་ལྡན་ན་དེ་རུ་ནི།།
འགྲོ་སྐྱོད་མཛད་ཅིག་རིགས་མཐུན་བུ་རྣམས་ལགས།།
རང་གི་རིགས་རུས་ཆོ་འབྲང་མ་ཤེས་པས།།
སྔོ་ལོ་འཕར་བའི་ལྟད་མོ་གང་ནའང་མཐོང་།།
རང་ངོ་རང་གིས་མ་ཤེས་བླུན་རྟགས་སུ།།
རྔ་རིང་སྤྲེའུས་ཁྲོམ་དུ་བཞག་གད་སློང་།།
དེས་ན་ཁུ་བྱུག་ངག་གི་གླུ་དབྱངས་དང་།།
དཔའ་བོས་གར་རུ་འཁྲབ་པའི་དགའ་སྟོན་ནི།།
དགེ་ཆོས་ཐང་མར་བརྡལ་བའི་དེབ་དཀར་སོགས།།
ལོ་རྒྱུས་མེ་ལོང་གཟིགས་དང་རང་ངོས་ཤེས།། 
ད་སྐབས་རང་རེའི་གནས་བབས་ག་འདྲ་ཞིག།
གོ་བར་མེད་ན་དཔའ་བོ་དོན་རྒྱལ་གྱི།།
རྐང་ལམ་ཕྲ་མོར་གཟིགས་དང་དྲན་རྟོགས་སུ།།
ཧ་ལས་ཧམ་སངས་ལྟ་བའི་གནད་ཅིག་ཡོད།།
རང་སེམས་རྣལ་དུ་ཕབ་ནས་བསྡད་ཐུབ་ན།།
མདུན་ཕྱོགས་བྲག་ངོས་གཟར་བོར་ཐུར་བབས་པའི།།
ལང་ཚོའི་རྦབ་ཆུའི་འགྲོས་ལ་ཐེངས་ཅིག་ཉན།།
འགྱུར་ཁུག་ངག་ལ་ལེགས་ཉེས་འཇུག་ལྡོག་བཀྲ།།
  • ལེ་ཚན་སྔོན་མ།:མེ་ལྕེབ་ཕྱེ་མ་ལེབ།
  • ལེ་ཚན་རྗེས་མ།:ཕྱོགས་ཞེན་ཕྲག་དོག་སྤོང་བར་གདམས་པ།